རང་ཞིང་གིས་ཚན་རིག་དང་མཐུན་པའི་སྒོ་ནས་གནད་སྨིན་ཇུས་འདོན་བྱས་ཏེ་ས་ཁུལ་དང་རིམ་པ་བགར་ནས་ཏོག་གསར་གློ་ཚད་འགོག་སྲུང་གི་ལས་དོན་ཡག་པོར་བསྒྲུབས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུའི་ཐོག་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཏོག་གསར་གློ་ཚད་རིམས་ནད་མཉམ་འགོག་མཉམ་བཅོས་ལམ་སྲོལ་གྱི་འབྲེལ་ཡོད་མཛུབ་ཁྲིད་བསམ་འཆར་གྱི་བླང་བྱ་གཞིར་བཟུང་། རང་ཞིང་གིས་རིམས་འགོག་ཚོད་འཛིན་གྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་ཞིང་ཆེན་མི་དམངས་སྲིད་གཞུང་གིས་དངོས་སུ་དཔར་འགྲེམ་བྱས་པའི《མཚོ་སྔོན་ཞིང་ཆེན་གྱི་ཏོག་གསར་གློ་ཚད་རིམས་ནད་ཡན་ལག་ཁུལ་གྱི་རིམ་དབྱེ་གནད་འཁེལ་ཇུས་འདོན་བྱ་བའི་ཇུས་གཞི》ལག་བསྟར་བྱ་རྒྱུ་རེད། ཇུས་གཞིའི་བླང་བྱ་ནི།
གཅིག“གཙོ་གནད་འབུར་དུ་བཏོད་པ་དང་། གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག་བྱེད་པ། ས་ཁུལ་དང་རིམ་པ་དབྱེ་བ། གནད་འཁེལ་ཇུས་འདོན”བཅས་ཀྱི་རྩ་དོན་ལ་དམིགས་ཏེ། ཚན་རིག་དང་མཐུན་པའི་སྒོ་ནས་རིམས་ནད་ཀྱི་གནས་ཚུལ་ལ་དབྱེ་ཞིབ་དང་། ཉེན་ཁའི་དཔྱད་དཔོག་ལ་ཤུགས་སྣོན། ས་ཁུལ་དང་རིམ་པ་དབྱེ་ནས་བར་ཁྱད་ཅན་གྱི་སྔོན་འགོག་ཚོད་འཛིན་བྱེད་ཐབས་བཟོས་ཏེ། རིམས་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཕྱོགས་གཉིས་དམ་འཛིན་དང་། ཕྱོགས་གཉིས་ནོར་འཛོལ་མི་ཤོར་བ། ཕྱོགས་གཉིས་སྐུལ་འདེད་གཏོང་བ་བཅས་བྱེད་དགོས།
གཉིས། སྙན་ཞུ་བྱས་པའི་ནད་དཔེ་ཡོད་མེད་དང་། ཕྱིར་མཚོ་སྔོན་དུ་ལོག་པའི་མི་གྲངས། མི་འབོར་ཀྱི་སྟུག་ཚད། འགྲིམ་འགྲུལ་སྐྱེལ་འདྲེན་གྱི་གནས་ཚུལ། མི་འབོར་འཁོར་རྒྱུག་བྱེད་ཚད། སྨན་བཅོས་འཕྲོད་བསྟེན་གྱི་ཐོན་ཁུངས། ས་ཁམས་གནས་ཡུལ་སོགས་ཀྱི་རྒྱུ་རྐྱེན་ལ་ཕྱོགས་བསྡུས་བསམ་གཞིག་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་རྫོང45(གྲོང་ཁྱེར་དང་། ས་ཁུལ། སྲིད་འཛིན་ཨུ་ལྷན)གཙོ་གནད་རིམས་འགོག་ཚོད་འཛིན་ས་ཁུལ་དང་། གཙོ་གནད་མིན་པའི་རིམས་འགོག་ཚོད་འཛིན་ས་ཁུལ། སྤྱིར་བཏང་གི་རིམས་འགོག་ཚོད་འཛིན་ས་ཁུལ་བཅས་རིགས་གསུམ་དུ་བགོས་ཡོད།
གསུམ། གཙོ་གནད་རིམས་འགོག་ཚོད་འཛིན་ས་ཁུལ4ཡོད་དེ་ཟི་ལིང་གྲོང་ཁྱེར་མཁར་ཤར་ཁུལ་དང་། མཁར་བྱང་ཁུལ། ཧོང་ཀྲུང་ས་ཁུལ། མཚོ་བྱང་མིན་ཡོན་རྫོང་བཅས་ཡིན། གཙོ་གནད་མིན་པའི་རིམས་འགོག་ཚོད་འཛིན་ས་ཁུལ16ཡོད་དེ་ཟི་ལིང་གྲོང་ཁྱེར་མཁར་དཀྱིལ་ཁུལ་དང་། མཁར་ནུབ་ཁུལ། ཧོང་ཡོན་རྫོང་། ཏ་ཐུང་རྫོང་། མཚོ་ཤར་གྲོང་ཁྱེར་ལི་ཏུའུ་ས་ཁུལ་དང་། ཕིན་ཨན་རྫོང་། ཧུའུ་ཀྲུའུ་རྫོང་། མིན་ཧོ་རྫོང་། དཔའ་ལུང་རྫོང་། ཞོན་ཧྭ་རྫོང་། མཚོ་ནུབ་ཁུལ་གཏེར་ལེན་ཁ་གྲོང་ཁྱེར་དང་ན་གོར་མོ་གྲོང་ཁྱེར། མཚོ་ལྷོ་ཁུལ་གུང་ཧོ་རྫོང་། ཡུས་ཧྲུའུ་ཁུལ་ཡུས་ཧྲུའུ་གྲོང་ཁྱེར། མགོ་ལོག་ཁུལ་རྨ་ཆེན་རྫོང་། རྨ་ལྷོ་ཁུལ་ཐུན་རིན་རྫོང་བཅས་ཡིན། སྤྱིར་བཏང་གི་སྔོན་འགོག་ཚོད་འཛིན་ས་ཁུལ25ཡོད་དེ་མཚོ་ནུབ་ཁུལ་གྱི་མང་ཡ་གྲོང་ཁྱེར་དང་བུའུ་ལན་རྫོང་། ཐེམ་ཆེན་རྫོང་། ཏ་ཁྲའེ་ཏན་སྲིད་འཛིན་ཨུ་ལྷན། ཏུའུ་ལན་རྫོང་། མཚོ་ལྷོ་ཁུལ་གྱི་ཁྲི་ཀ་རྫོང་། ཀོས་ནན་རྫོང་། ཐུན་ཏེ་རྫོང་། ཞིན་ཧེ་རྫོང་། མཚོ་བྱང་ཁུལ་གྱི་ཧེ་ཡན་རྫོང་དང་མདོ་ལ་རྫོང་། རྐང་ཚ་རྫོང་། ཡུས་ཧྲུའུ་ཁུལ་ཁྲི་འདུ་རྫོང་དང་རྫ་སྟོད་རྫོང་། འབྲི་སྟོད་རྫོང་། ཆུ་དམར་ལེབ་རྫོང་། ནང་ཆེན་རྫོང་། མགོ་ལོག་ཁུལ་གྱི་པད་མ་རྫོང་དང་དགའ་བདེ་རྫོང་། དར་ལག་རྫོང་། རྨ་སྟོད་རྫོང་། གཅིག་སྒྲིལ་རྫོང་། རྨ་ལྷོ་ཁུལ་གྱི་རྩེ་ཁོག་རྫོང་དང་རྨ་ལྷོ་སོག་རྫོང་། གཅན་ཚ་རྫོང་བཅས་ཡིན། རིགས་མི་འདྲ་བར་བརྟེན་ནས་རིམས་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་ཀྱི་སྒྲིག་ལམ་སླར་གསོ་བྱས་ཏེ་མཚོ་སྔོན་ཞིང་ཆེན་གྱི་ས་ཁུལ་དང་རིམ་པ་དབྱེ་བ་ཧེ་བག་ཅན། གནད་ཁེལ་ཅན་གྱི་སྔོན་འགོག་ཚོད་འཛིན་གྱི་ཐབས་ཇུས་མངོན་འགྱུར་བྱེད་དགོས།
བཞི། རྫོང་ཁོངས་སྡེ་ཁག་ཏུ་བྱས་ཏེ་ས་ཁུལ་དང་རིམ་པ་དབྱེ་བའི་ཐོག་ནས་ཧེ་བག་ཅན་གྱི་སྔོན་འགོག་ཚོད་འཛིན་བྱ་ཐབས་བཟོ་དགོས། རིམས་འགོག་ཚོད་འཛིན་བྱེད་ཐབས་དང་སྡེ་ཁུལ་གྱི་མཉམ་འགོག་མཉམ་བཅོས་ལམ་སྲོལ། མང་ཚོགས་ཀྱི་རྒྱུན་གཏན་ཐོན་སྐྱེད་དང་འཚོ་བ་སླར་གསོ། ཁེ་ལས་ཀྱི་ལས་འགོ་བསྐྱར་ཚུགས་དང་ཐོན་སྐྱེད་སླར་གསོ་ལ་སྐུལ་འདེད། འགྲིམ་འགྲུལ་སྐྱེལ་འདྲེན་ཤར་གཏོང་འགན་ལེན་བཅས་ཕྱོགས་ལྔའི་ཐད་ནས་ཧེ་བག་ཅན་གྱི་བླང་བྱ་བཏོན་ཡོད།
ལྔ། ས་གནས་ཁག་དང་སྡེ་ཁག་ཁག་གིས་ངེས་པར་དུ་ཏང་ཀྲུང་དབྱང་གི་གཅིག་གྱུར་བཀོད་འདོམས་དང་གཅིག་གྱུར་མཐུན་སྦྱོར། གཅིག་གྱུར་བཀོད་གཏོང་བཅས་ལ་བརྩི་སྲུང་མཐའ་གཅིག་ཏུ་བྱས་ཏེ་གང་གསུང་དེ་སྒྲུབ་བྱ་དགོས། སྤྱི་ཡོངས་ཀྱི་འདུ་ཤེས་དང་འགན་འཁྲིའི་འདུ་ཤེས། གཅིག་གྱུར་འཆར་འགོད་ཀྱི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། ས་ཁུལ་དེ་གའི་རིམས་འགོག་ཚོད་འཛིན་དང་མི་དམངས་ཀྱི་ཐོན་སྐྱེད་དང་འཚོ་བ་སླར་གསོ་ལས་དོན་གྱི་སྒྲིག་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ། “ཕྱོགས་གཉིས་དམ་འཛིན་དང་། ཕྱོགས་གཉིས་སྐུལ་འདེད། ཕྱོགས་གཉིས་ནོར་འཛོལ་མི་ཤོར་བ”བཅས་མཐའ་འཁྱོངས་བྱས་ནས་རིམས་འགོག་ཚོད་འཛིན་གྱི་འགན་འཁྲི་ཏན་ཏིག་སྒྲུབ་དགོས། ས་ཁུལ་དེའི་མི་སྣ་འཁོར་རྒྱུག་དང་འདུ་འཛོམས། ས་ཁོངས་སོགས་ཀྱི་དོན་དངོས་ལ་གཞིགས་ཏེ་ས་ཁུལ་དང་རིམ་དབྱེའི་ཧེ་བག་ཅན་གྱི་སྔོན་འགོག་ཚོད་འཛིན་དང་འཁོར་རྒྱུག་རང་བཞིན་གྱི་དོ་དམ་ཚོད་འཛིན་ལག་བསྟར་བྱེད་པ་དང་། ས་ཁུལ་དེའི་གནད་སྨིན་ཇུས་འདོན་ལས་དོན་གྱི་ཇུས་གཞི་དུས་ཐོག་ཏུ་བཟོས་ཏེ། ཆ་འཕྲིན་སྤེལ་རེས་དང་བྱ་ཐབས་མཉམ་འགུལ་དོན་འཁྱོལ་བྱས་ནས། སྔར་ལས་ལྷག་པར་ཚན་རིག་དང་མཐུན་ལ་གནད་དུ་འཁེལ་བའི་སྒོ་ནས་སྔོན་འགོག་ཚོད་འཛིན་དང་ཐག་གཅོད་ལས་དོན་ཡག་པོ་སྒྲུབ་དགོས།