མཚོ་སྔོན་འབྲི་ཆུ་སྨན་བཅོས་ཡོ་བྱད་ཚད་ཡོད་ཀུང་ཟིས་ཉིན་གཅིག་ལ་འགོག་སྲུང་ཁ་ཐུམ་ཁྲི་དྲུག་ཐོན་སྐྱེད་བྱེད་པའི་ལས་རིམ་དངོས་སུ་ཚོད་ལྟ་བྱས།
2020.02.20 ཁུངས། ཀློག་གྲངས། 83

 གངས་ལྗོངས་མེ་ལོང་དྲ་བའི་འཕྲིན། རིམས་ནད་ཐེངས་ཤིག་གིས་རྒྱལ་ཡོངས་སུ་ཁ་ཐུམ་དང་འགོག་སྲུང་ལྭ་བ་སོགས་འགོག་སྲུང་གི་དངོས་ཟོག་མང་པོ་ཞིག་དཀོན་པོར་ཆགས་སུ་བཅུག གནས་བབ་འདི་ལྟ་བུའི་འོག ཞིང་ཆེན་ཡོངས་ཀྱི་རིམས་འགོག་ལས་བྱེད་མི་སྣ་དང་མི་དམངས་མང་ཚོགས་རྣམས་ལ་འགོག་སྲུང་གི་ཁ་ཐུམ་མཁོ་འདོན་བྱ་ཆེད། མཚོ་སྔོན་འབྲི་ཆུ་སྨན་བཅོས་ཡོ་བྱད་ཚད་ཡོད་ཀུང་ཟིས་ཟླ2པའི་ཚེས13ཉིན་ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན་གྱི་ཆོག་མཆན་ཐོབ་པ་བརྒྱུད། ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུའུ་དང་ཞིང་ཆེན་སྨན་རྫས་ལྟ་སྐུལ་དོ་དམ་ཅུའུ་གཉིས་དང་འབྲེལ་ནས། མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་རྫོང་དུ་ཐོན་སྐྱེད་བཟོ་གྲྭ་བཙུགས་ཏེ་ཁ་ཐུམ་ཐོན་སྐྱེད་བྱེད་འགོ་བརྩམས། ཚེས17ཉིན། མཚོ་སྔོན་གྱི་འགོག་སྲུང་ཁ་ཐུམ་ཐོན་སྐྱེད་བྱེད་པའི་ལས་རིམ་ཐོག་མ་དངོས་སུ་འགོ་བརྩམས་ཏེ། མིག་སྔར་ཉིན་གཅིག་ལ་འགོག་སྲུང་ཁ་ཐུམ་ཁྲི6ལྷག་ཐོན་སྐྱེད་བྱེད་ཐུབ། 

 རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་འབྲི་ཆུ་སྨན་བཅོས་ཡོ་བྱད་ཚད་ཡོད་ཀུང་ཟིས་ལས་གཞི་ཧྲིལ་བོར་སྒོར་བྱེ་བ་གསུམ་གྱི་མ་དངུལ་བཏང་ཡོད་ལ། ལས་གཞི་འདིས་རང་ཞིང་ནས་འགོག་སྲུང་ཁ་ཐུམ་ཐོན་སྐྱེད་བྱེད་དཀའ་བའི་སྟོང་ཆ་བསྐངས་བ་རེད། གཞན་ཡང་ཐེངས་གཅིག་ཅན་གྱི་འགོག་སྲུང་ཁ་ཐུམ་ཐོན་སྐྱེད་བྱེད་པའི་ལས་རིམ4གཟུགས་རྒྱུའི་འཆར་གཞི་བཟོས་ཡོད་པ་ལས། ལས་རིམ་གཅིག་དངོས་སུ་ཐོན་སྐྱེད་བྱེད་འགོ་བརྩམས་པ་དང་། ལྷག་མའི་ལས་རིམ་གསུམ་མི་འགྱངས་བར་བཀོལ་རྒྱུ་རེད། དེ་དག་སྒྲིག་འཇོག་བྱས་ནས་བཀོལ་འགོ་བརྩམ་ཚེ། ལོ་གཅིག་ལ་འགོག་སྲུང་ཁ་ཐུམ་དུང་ཕྱུར་གཅིག་བྱེ་བ་བཞི་ས་ཡ་དྲུག་ལྷག་ཐོན་སྐྱེད་བྱེད་ཐུབ། 

སྔ་མོ་ནས་ཐོན་སྐྱེད་བྱ་ཆེད། ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན་དང་ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུའུ། ཞིང་ཆེན་སྨན་རྫས་ལྟ་སྐུལ་དོ་དམ་ཅུའུ། མཚོ་ཤར་གྲོང་ཁྱེར་མི་དམངས་སྲིད་གཞུང་བཅས་ཀྱིས་ཕྱོགས་གཅིག་ནས་རྒྱལ་ཁབ་དང་ཕྱི་ལོགས་སུ་མཐུན་སྦྱོར་བྱས་ཏེ་འགོག་སྲུང་དངོས་ཟོག་བརྩོན་ལེན་བྱེད་ཀྱི་ཡོད་ལ། ཕྱོགས་གཞན་ཞིག་ནས་རང་ས་གནས་ནས་ཐོན་སྐྱེད་བྱེད་པར་ཤུགས་སྣོན་བྱེད་བཞིན་ཡོད། 

མིག་སྔར། བཟོ་བ10ཡིས་ཁ་ཐུམ་ཐོན་སྐྱེད་ཀྱི་ཆེད་ལས་གསོ་སྦྱོང་བྱས་པ་བརྒྱུད། སྐོར་གཉིས་ལ་བགོས་ཏེ་དུས་ཚོད་ཉེར་བཞིའི་རིང་རྒྱུན་མཐུད་ནས་བྱ་བ་སྒྲུབ་བཞིན་ཡོད་ཅིང་། གཞན་ཐོན་སྐྱེད་བྱས་ཟིན་པའི་ཁ་ཐུམ་ཁྲི6པོ་དེར་དུག་སེལ་དང་ཞིབ་བཤེར་སོགས་བྱས་ཏེ། སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་ལ་སྤྲད་ནས་གཅིག་གྱུར་གྱིས་སྡེབ་སྒྲིག་དང་བགོ་བཤའ་རྒྱག་རྒྱུ་རེད།