ཟླ་གཉིས་པའི་ཚེས་ཉེར་ཤུའི་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི། ཀྲུང་དབྱང་ཏོག་གསར་གློ་ཚད་ལ་ཁ་གཏད་འཇལ་བའི་བྱ་བའི་འགོ་ཁྲིད་ཚུན་ཆུང་གི་ཚན་གཙོ་ལིས་ཁི་ཆང་གིས་འགོ་འཛིན་མཛད་དེ་འགོ་ཁྲིད་ཚན་ཆུང་གི་གྲོསཚོགས་བསྡུས།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཏོག་གསར་གློ་ཚད་ལ་ཁ་གཏད་འཇལ་བའི་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ཝང་ཧུའུ་ཉིང་ཚོགས་འདུར་ཞུགས།
གྲོས་ཚོགས་སྟེང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་དང་མཛུབ་སྟོན་གལ་ཆེན་དང་། ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་མཐའ་འཁྱོལ་བྱས་ཏེ། ཀྲུང་དབྱང་རིམས་ནད་ལ་ཁ་གཏད་འཇལ་བའི་བྱ་བའི་འགོ་ཁྲིད་ཚན་ཆུང་གི་བཀོད་སྒྲིག་ལྟར། སྨན་བཅོས་མི་སྣར་སྲུང་སྐྱོབ་དང་སེམས་ཁུར། གཅེས་སྐྱོང་བཅས་བྱེད་པར་ཧ་ཅང་མཐོང་ཆེན་བྱེད་པ་དང་། ཕྱོགས་སོ་སོའི་རྒྱབ་སྐྱོར་དང་འགན་སྲུང་ལ་ཤུགས་སྣོན་པ། ནད་ཐོག་ནུས་ལྡན་སྨན་རྫས་མྱུར་དུ་བཀོལ་ནས་ནད་པར་སྨན་བཅོས་བྱས་ཏེ། རིམས་ནད་འགོག་བཅོས་ཚོད་འཛིན་བཟང་བོ་བྱེད་པ་དང་མཉམ་དུ་ལས་ཀ་དང་ཐོན་ལས་གོ་རིམ་ལྡན་པར་སླར་གསོ་བྱེད་པར་སྐུལ་འདེད་གཏོང་དགོས་ཞེས་བསྟན།
གྲོས་ཚོགས་སྟེང་། སྨན་བཅོས་མི་སྣས་འཐབ་ས་དང་བོ་རུ་འབད་འཐབ་བྱེད་བཞིན་པ་དང་རིམས་ནད་ལས་རྣམ་པར་རྒྱལ་བའི་རྐང་འཛིན་སྟོབས་ཤུགས་ཡོད། མིག་སྔར་རྒྱལ་ཡོངས་ཀྱི་སྨན་བཅོས་མི་སྣ་ཁ་ཤས་ལ་སྟབས་མ་ལེགས་པར་ནད་དུག་འགོས་པ་དང་། དེའི་ནང་གི་མང་ཆེ་ཤོས་ལ་ཧུའུ་པེ་ནས་འགོས་པར་མ་ཟད་ཟླ་གཉིས་པའི་ཚེས་གཅིག་གི་སྔོན་ལ་འགོས་པ་རེད། ནད་དུག་འགོས་པའི་སྨན་བཅོས་མི་སྣར་སྟོབས་ཤུགས་ཡོད་རྒུས་སྨན་བཅོས་བྱས་ཏེ། ཡང་བསྐྱར་ནད་དུག་འགོས་པའི་གནད་དོན་འབྱུང་བར་དངོས་སུ་བཀག་འགོག་བྱེད་དགོས། འཐབ་ས་དང་བོའི་སྨན་བཅོས་མི་སྣའི་བྱ་བའི་ཆ་རྐྱེན་ཇེ་ལེགས་སུ་གཏོང་བ་དང་། ཁོ་ཚོའི་ལུས་སེམས་བདེ་ཐང་ལ་དངོས་སུ་སེམས་ཁུར་བྱས་ཏེ། སྨན་བཅོས་ལས་ཁུངས་ཀྱི་གཙོ་གཞིའི་འགན་ཁུར་ཇེ་དྲག་ཏུ་གཏོང་བ་དང་། ནང་ཁུལ་གྱི་འགོ་ཁུངས་ལ་ཞིབ་བཤེར་བྱེད་པ། ལས་མི་ཡོངས་ལ་གསོ་སྦྱོང་བྱེད་པ། སྨན་བཅོས་མི་སྣའི་འགོག་སྲུང་ལག་རྩལ་ཕྱོགས་སྟོན་དངོས་སུ་དོན་འཁྱོལ་བྱེད་པ། ལས་གནས་གལ་ཆེན་སྟེང་གི་མི་སྣ་གལ་ཆེན་ལ་འགོག་སྲུང་དངོས་རྫས་འདང་ཚིམ་པ་སྟེར་བ། ལས་གནས་སྟེང་དུས་ཡུན་རིང་བོར་བསྡད་པའི་སྨན་བཅོས་མི་སྣ་མྱུར་དུ་སྐོར་བགོས་ཏེ་ངལ་གསོ་རུ་འཇུག་པ། རིམས་ནད་འགོག་བཅོས་ཚོད་འཛིན་ཁྲོད་དུ་སྨན་བཅོས་མི་སྣའི་ཟླ་ཕོགས་ལ་ཁག་ཐེག་བྱེད་པ་དང་། གནས་སྐབས་རང་བཞིན་བྱ་བའི་ཁ་གསབ་སྟེར་བ། འཕྲོད་བསྟེན་རིམས་འགོག་ཟུར་ཕོགས་སྟེར་བ་བཅས་བྱས་ཏེ། ཁོ་ཚོའི་དང་ཁོ་ཚོའི་ཁྱིམ་མིར་སེམས་ཁུར་སྔར་ལས་ཆེན་པོ་བྱེད་དགོས་ཞེས་བསྟན།
གྲོས་ཚོགས་སྟེང་། འགོ་ཁུངས་ལ་ཧུར་ཐག་གིས་ཚོད་འཛིན་བྱེད་པ་དང་། འགོ་ལམ་གཅོད་པ་དང་མཉམ་དུ། ནད་པར་ནུས་ལྡན་སྨན་བཅོས་བྱེད་པར་སྔར་ལས་ཤུགས་སྣོན་དགོས། ཉེ་ལམ་སྨན་རྫས་གདམ་གསེས་དང་བཀོལ་སྤྱོད་ལ་གྲུབ་འབྲས་ལེགས་པོ་ཐོབ་ཡོད་པས། ཕན་འབྲས་ཅུང་ཆེ་བའི་སྨན་རྫས་ནད་ཐོག་སྨན་བཅོས་ཁྲོད་དུ་བཀོལ་སྤྱོད་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། ཐོན་སྐྱེད་ཁེ་ལས་ལ་མྱུར་དུ་ཐོན་སྐྱེད་དང་མཁོ་འདོན་ལ་འགན་ལེན་བྱེད་དུ་འཇུག་དགོས། རིག་ཚན་མང་བོས་མཉམ་འབྲེལ་སྨན་བཅོས་བྱེད་པར་ཤུགས་བསྣན་ནས། ནད་པ་ལྕི་མོ་ཚེ་ལས་འདས་ཚད་ཇེ་དམའ་རུ་གཏོང་དགོས་ཞེས་བསྟན།
གྲོས་ཚོགས་སྟེང་ཁེ་ལས་ལས་དོན་ལས་ཁུངས་ཀྱིས་ལས་ཀ་དང་ཐོན་སྐྱེད་སླར་གསོ་བྱེད་པའི་རིམས་ནད་འགོག་སྲུང་བྱེད་ཐབས་ཀྱི་ཕྱོགས་སྟོན་ལ་གྲོས་ཞིབ་བྱས། གྲོས་ཚོགས་སྟེང་། དེང་སྐབས་ལས་ཀ་དང་ཐོན་སྐྱེད་སླར་གསོ་བྱེད་པའི་བྱ་བ་གོ་རིམ་ལྡན་པར་སྒྲུབ་བཞིན་ཡོད་པས། ཁེ་ལས་དང་ལས་དོན་ལས་ཁུངས་ཀྱིས་རིགས་བགར་ནས་གནད་འཁེལ་དང་ལུགས་མཐུན་གྱིས་འགོག་བཅོས་ཚོད་འཛིན་བྱེད་པར་མཛུབ་སྟོན་བྱེད་རྒྱུ་ནི་ཧ་ཅང་གལ་ཆེ། ལས་མིའི་བདེ་ཐང་ལྟ་ཞིབ་ཚད་ལེན་དང་སྒེར་གྱི་འགོག་སྲུང་ལ་ཤུགས་བསྣན་ནས། ཞུ་འབུལ་ཆད་མེད་ལམ་ལུགས་ལག་བསྟར་བྱེད་དགོས། བྱ་བ་སྒྲུབ་ས་དང་ཟ་ཁང་། ཉལ་ཁང་སོགས་སུ་འགོག་སྲུང་བྱེད་ཐབས་དོན་འཁྱོལ་བྱེད་པ་དང་། ལས་མིའི་འདུ་འཛོམས་དང་ཐུན་མོང་བྱ་འགུལ་ཇེ་ཉུང་དུ་གཏོང་དགོས་ལ། རྒྱུན་ལྡན་མིན་པའི་གནས་ཚུལ་བྱུང་ཚེ་དུས་ལྟར་ཐག་གཅོད་བྱེད་ཐབས་སྤྱོད་དགོས། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་རིམས་ནད་འགོག་བཅོས་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་གཅིག་འདོམས་ཀྱིས་ས་ཁུལ་དང་རིམ་པ་བགར་ནས་རིམས་ནད་འགོག་བཅོས་ཚོད་འཛིན་གནད་ལ་འཁེལ་བར་བཟང་བོར་སྒྲུབ་པ་དང་། ལས་ཀ་དང་ཐོན་སྐྱེད་གོ་རིམ་ལྡན་པའི་ངང་སླར་གསོ་བྱེད་པར་སྐུལ་འདེད་གཏོང་བ། ལས་ཀ་དང་ཐོན་སྐྱེད་སླར་གསོ་བྱེད་པར་བར་ཆད་བཟོ་བའི་གཏན་ཁེལ་ཡོ་བསྲང་བྱེད་པ། བཀོལ་མི་དང་དངོས་སྐྱེལ། མ་རྩ་སོགས་ཀྱི་གནད་དོན་ཐག་གཅོད་པ་བཅས་བྱས་ཏེ། དཔྱིད་ཀའི་ཞིང་ལས་ཐོན་སྐྱེད་དངོས་སུ་དམ་འཛིན་བཟང་བོ་བྱེད་པ་དང་། བཟོ་ལས་ལས་རིགས་དང་འགྲིམ་འགྲུལ་དངོས་སྐྱེལ། བཟོ་སྐྲུན་གལ་ཆེན་བཅས་བསྐྱར་ལས་བྱེད་ཚད་མྱུར་དུ་ཇེ་མཐོར་བཏང་སྟེ། རིམས་ནད་འགོག་རྒོལ་ལ་འགན་སྲུང་སྟོབས་ལྡན་འདོན་སྤྲོད་བྱས་ནས། ད་ལོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་དང་ལས་འགན་ཧུར་ཐག་གིས་མངོན་འགྱུར་བྱེད་དགོས་ཞེས་བསྟན།
གྲོས་ཚོགས་སྟེང་། རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་འཛིན་རྐྱེན་སྲོལ་གྱིས་ཧུའུ་པེ་ཞིང་ཆེན་དུ་ལས་ཀ་དང་ཐོན་སྐྱེད་སླར་གསོ་བྱེད་པའི་དུས་ཚོད་ཡང་བསྐྱར་རྗེས་སུ་བསྣུར་བའི་དགོས་མཁོ་གཞིར་བཟུང་སྟེ། འཚོ་བའི་མཁོ་རྫས་ཀྱི་མཐུན་སྦྱོར་བཀོད་སྒྲིག་ལ་ཤུགས་བསྣན་ནས། འབྲུ་སྣུམ་སྔོ་ཚོད་དང་། ཤ་སྒོ་ང་འོ་མ་སོགས་མཁོ་འདོན་འདང་ཚིམ་པ་བྱེད་པར་ཁག་ཐེག་བྱེད་དགོས་ལ། འབྲེལ་ཡོད་ཁོངས་གཏོགས་ལས་ཁུངས་ཀྱིས་དངོས་སྐྱེལ་འགྲིམ་འགྲུལ་གེགས་མེད་ཡོང་བར་འགན་སྲུང་བྱེད་དགོས། ཧུའུ་པེ་ཞིང་ཆེན་དང་ཝུའུ་ཧན་གྲོང་ཁྱེར་གྱིས་སྦྲེལ་མཐུད་དང་སྐྱེལ་འདྲེན་བྱ་བ་བཟང་བོར་སྒྲུབ་ནས། ཆ་རྐྱེན་ཡོད་པའི་ས་ཆ་རུ་སྔོ་ཚོད་སོགས་ཐོན་སྐྱེད་བྱེད་པར་རྩ་འཛུགས་བྱས་ཏེ། མང་ཚོགས་ཀྱི་གཞི་རྩའི་འཚོ་བར་མཐའ་གཅིག་ཏུ་འགན་སྲུང་བཟང་བོ་བྱེད་དགོས་པའི་བླང་བྱ་བཏོན།
འགོ་ཁྲིད་ཚན་ཆུང་གི་ཁོངས་མི་ཏེན་ཞུའེ་ཞང་དང་ཧོང་ཁུན་མེན། ཚའེ་ཆི། ཞའོ་ཅེ། ཀྲའོ་ཁི་ཀྲི་བཅས་གྲོས་ཚོགས་ལ་ཞུགས།
ཕྱུག་ལོས་བསྒྱུར།