ཟླ་གཉིས་པའི་ཚེས་ཉེར་གཅིག་ཉིན་གྱི་སྔ་དྲོའི་དུས་ཚོད་བཅུ་དང་སྐར་མ་ཉི་ཤུའི་སྟེང་། མཚོ་སྔོན་ཞིང་ཆེན་གྱི་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་བྱུང་བའི་ཆེས་མཐའ་མཇུག་གི་ནད་པ་གཉིས་ཞིང་ཆེན་མི་དམངས་སྨན་ཁང་བཞི་བ་ནས་ཕྱིར་བུད། མཚོ་སྔོན་ཞིང་ཆེན་གྱི་མི་དམངས་སྨན་ཁང་བཞི་བ་རུ་སྨན་བཅོས་བྱས་པའི་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་བྱུང་བའི་ནད་པ་བཅོ་ལྔ་ཚང་མ་དྲག་སྐྱེད་བྱུང་ནས་སྨན་ཁང་ནས་བུད། དེའི་ཐོག་ཟི་ལིང་གྲོང་ཁྱེར་མི་དམངས་སྨན་ཁང་གསུམ་པ་ནས་ཕྱིར་བུད་པའི་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་བྱུང་བའི་ནད་པ་གསུམ་བསྣན་ན། ཞིང་ཆེན་ཡོངས་ཀྱི་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་བྱུང་བའི་ནད་པ་བཅོ་བརྒྱད་ཚང་མ་དྲག་སྐྱེད་བྱུང་ནས་སྨན་ཁང་ནས་ཕྱིར་བུད།
ཐེངས་འདིར་སྨན་ཁང་ནས་ཕྱིར་བུད་པའི་ནད་པ་གཉིས་ཀ་སོ་སོར་ཟླ་གཉིས་པའི་ཚེས་གཉིས་ཉིན་དང་ཚེས་བཞི་ཉིན་སྨན་ཁང་དུ་བསྡད་པ་དང་། ཉིན་དེར་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་བྱུང་བ་ཐག་བཅད་དེ། སྤྱིར་བཏང་གི་ནད་པ་ནས་ཉེན་ཁ་ཆེ་བ་དང་ནད་ལྕི་བའི་ནད་པ་རུ་གཏན་ཁེལ་བྱས། ཞིང་ཆེན་རིམ་པའི་སྨན་བཅོས་སྲོག་སྐྱོབ་ཆེད་མཁས་པས་ཐེངས་མང་པོར་ཕྱོགས་བསྡུས་ནད་བརྟག་བྱས་པ་བརྒྱུད་དེ། སྨན་བཅོས་ཇུས་གཞི་རྒྱུན་མ་ཆད་པར་ཇེ་ལེགས་སུ་བཏང་བ་དང་། ཀྲུང་ནུབ་ལུགས་གསོ་རིག་གཉིས་ཟུང་འབྲེལ་བྱས་ནས། སྟོབས་ཤུགས་ཡོད་རྒུས་སྨན་བཅོས་སྲོག་སྐྱོབ་བྱས། སྨན་བཅོས་མི་སྣས་སྲོག་སྐྱོབ་ཇུས་གཞི་ལག་བསྟར་ནན་མོ་བྱས་པ་དང་། ནད་པར་སེམས་གསོ་སྣེ་ཁྲིད་དང་སེམས་ཞིབ་མོས་བདག་སྐྱོང་བྱས་ཏེ། ཉིན་ཉི་ཤུའི་རིང་མཉམ་དུ་འབད་འཐབ་བྱས་འོག དེ་རིང་དྲག་སྐྱེད་བྱུང་ནས་སྨན་ཁང་ནས་ཕྱིར་བུད།
རྒྱལ་ཁབ་ཀྱི་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་ནད་བརྟག་སྨན་བཅོས་ཚོད་ལྟའི་ཇུས་གཞི་དྲུག་པའི་ཚད་གཞི་གཞིར་བཟུང་ནས། ཞིང་ཆེན་རིམ་པའི་སྨན་བཅོས་སྲོག་སྐྱོབ་ཆེད་མཁས་ཚན་ཆུང་གིས་དཔྱད་འཇོག་བྱས་པ་བརྒྱུད་དེ། སྨན་ཁང་ནས་ཕྱིར་འབུད་པའི་ཚད་གཞི་དང་མཐུན་པ་དང་། སྨན་ཁང་ནས་ཕྱིར་བུད་རྗེས། ནད་པ་དེ་གཉིས་ལ་ད་དུང་གཏན་ཁེལ་ལྟར་ས་དེའི་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱིས་དོ་དམ་འོག མུ་མཐུད་དུ་ཉིན་བཅུ་བཞིའི་རིང་གི་གསོ་རིག་ལོགས་བཀར་ལྟ་ཞིབ་དང་རྗེས་འདེད་འདྲི་བཅར་བྱེད་རྒྱུ་རེད།
རིན་ཆེན་མཚོས་བསྒྱུར།