ནད་པ་མེད་པར་སོང་ཡང་འགན་འཁུར་སྔར་བཞིན་ཡོད། བརྟག་དཔྱད་ས་ཚིགས་མེད་པར་བཏང་ཡང་རིམས་འགོག་གི་འདུ་ཤེས་ལྷོད་མི་རུང་།
2020.02.23 ཁུངས། ཀློག་གྲངས། 153

གངས་ལྗོངས་མེ་ལོང་དྲ་བའི་འཕྲིན། ཟླ2པའི་ཚེས21ཉིན་གྱི་སྔ་དྲོའི་དུས་ཚོད10བའི་སྟེང་། རང་ཞིང་གི་ཆེས་མཇུག་མཐའི་ནད་རྟགས་ཐག་བཅད་པའི་ནད་པ་གཉིས་པོ་སྨན་ཁང་ལས་ཕྱིར་བུད་རྗེས། རང་ཞིང་ན་ནད་རྟགས་ཐག་བཅད་པའི་ནད་པ18ཡོད་པ་ཚང་མ་སངས་དྲག་བྱུང་ནས་སྨན་ཁང་ལས་བུད་པ་རེད། 

སྐབས་དེར་ཕྱོགས་སོ་སོའི་སྨྱན་བྱད་འཕྲིན་སྟེགས་དང་སྐད་འཕྲིན་གྱི་གྲོགས་ཚོམས་སོགས་སུ་གཏམ་བཟང་འདི་བརྒྱུད་བསྐུར་མང་པོ་བྱས་པས། ང་ཚོས་གཞི་ནས་རྒྱལ་ཁའི་ཉི་ཟེར་མཐོང་བྱུང་། ཚེས22ཉིན་གྱི་སྔ་དྲོར། མཚོ་སྔོན་ནས་ནད་རྟགས་ཐག་བཅད་པའི་ནད་པ“མེད་པར་སོང་བ”དང་འབྲེལ་བ་དམ་ཟབ་ཅན“མེད་པར་སོང་བ”། རིམས་ནད་ཁྱབ་ཁོངས“མེད་པར་སོང་བ”བཅས“མེད་པ”གསུམ་གྱི་གཏམ་བཟང་གཞན་ཞིག་གྲགས་བྱུང་ལ། དེས་རང་ཞིང་གིས་རིམས་འགོག་གི་བྱ་བར་དུས་རིམ་རང་བཞིན་གྱི་གྲུབ་འབྲས་བླངས་ཡོད་པ་མཚོན་ཐུབ།

འོན་ཀྱང་ཧྲིག་ལི་གྲོང་རྡལ་གྱི་ལས་བྱེད་པའི་སྐད་འཕྲིན་ཚོགས་པའི་ནང་དུ་ལས་འགན་གསར་བ་ཞིག་བགོས་བྱུང་སྟེ། དེ་ནི་ནད་པ་མེད་པར་གྱུར་ཡང་ལས་འགན་སྔར་བཞིན་ཡོད་པ་དང་བརྟག་དཔྱད་ས་ཚིགས་མེད་པར་བཏང་ཡང་རིམས་འགོག་གི་འདུ་ཤེས་ལྷོད་མི་རུང་བ་དེ་རེད། ཧྲིག་ལི་གྲོང་རྡལ་གྱི་ཏང་ཨུའི་ཧྲུའུ་ཅི་ཆི་ལིས་ཏི་ཡིས་རིམས་འགོག་གི་འཐབ་ཕྱོགས་དང་པོར་འབད་བརྩོན་བྱེད་བཞིན་པའི་ལས་བྱེད་མི་སྣ་རྣམས་ལ“རིམས་འགོག་ལ་དུས་རིམ་རང་བཞིན་གྱི་རྒྱལ་ཁ་བླངས་ཡོད་པའི་གནད་འགག་གི་སྐབས་འདིར་རྒྱལ་ཁ་ལ་མགོ་འཐོམས་ནས་འགན་འཁུར་དང་འོས་འགན། འདུ་ཤེས་བཅས་ལྷོད་མི་རུང་ལ། ཕྱོགས་སོ་སོའི་མི་སྣ་ཚང་མས་མཐའ་གཅིག་ཏུ་བཀོད་སྒྲིག་སྔར་བས་ཇེ་ཞིབ་དང་བརྟག་དཔྱད་སྔར་བས་ཇེ་དམ་དུ་གཏོང་དགོས། སྡེ་བ་སོ་སོའི་བརྟག་དཔྱད་ས་ཚིགས་མེད་པར་བཏང་བ་དེས་མི་སྣ་འགྲོ་འོང་གི་ཚད་ཇེ་མང་དུ་སོང་བ་དང་འབྲེལ་འདྲིས་བྱེད་ཚད་ཇེ་མང་དུ་སོང་བ་མཚོན་པས། སྔར་ལས་ལྷག་པའི་ཡིད་གཟབ་བྱས་ཏེ་རིམས་འགོག་ལ་རྒྱལ་ཁ་ལེན་པར་བརྩོན་དགོས་ལ། འཐབ་ཕྱོགས་དང་པོར་ཡོད་པའི་མི་རྣམས་ཀྱི་འབད་བརྩོན་དེ་འབྲས་མེད་དུ་གཏོང་མི་རུང”ཞེས་བླང་བྱ་གསར་བ་ཞིག་བཏོན།

རིམས་འགོག་ལ་རོགས་འདེགས་དང་སྡེ་མིའི་བདེ་ཐང་ལ་ཁག་ཐེག་བྱ་ཆེད།ཚེས21ཉིན་ནས་བཟུང་། སྡེ་བ་སོ་སོའི་ཏང་ཀྲི་པུའུ་ཧྲུའུ་ཅིའི་འགོ་ཁྲིད་འོག་ཏང་ཡོན་སྔོན་བསྐྱོད་པ་དང་དང་བླངས་བ། དེ་མིན་མང་ཚོགས་རྣམས་ཀྱིས་ཕྱར་བ་གྲུ་འདེགས་ཀྱི་ཚུལ་དུ་རང་སྲུང་གི་བྱ་བ་ལེགས་པོར་བསྒྲུབས་པའི་སྔོན་འགྲོ་ཆ་རྐྱེན་འོག སྡེ་བའི་ཁོར་ཡུག་བཅོས་སྐྱོང་གི་རུ་དཔུང་ལ་ཞུགས་པ་དང་། གྲོང་རྡལ་སྲིད་གཞུང་གི་བཀོད་སྒྲིག་འོག ཐེངས་འདིའི་ཁོར་ཡུག་བཅོས་སྐྱོང་གི་བྱ་བ་གཙོ་བོ་ནི་ཁྱིམ་ཚང་གི་སྒོར་སྤུངས་པའི་གད་སྙིགས་དང་གཞུང་ལམ་སོགས་སུ་ཡོད་པའི་གད་སྙིགས་དག་གཙང་སེལ་བྱེད་པ་དང་མཉམ་དུ་གད་སྙིགས་འདྲུད་སྐྱེལ་གྱི་རླངས་འཁོར་ཇེ་མང་དུ་བཏང་ནས། གད་སྙིགས་གཙང་སེལ་གྱི་བྱ་བ་དོན་འཁྱོལ་ནན་མོ་བྱ་རྒྱུ་དེ་རེད།

གཞན་ཡང་རྒྱང་སྒྲོག་དང་དྲིལ་སྒྲོག་རླངས་འཁོར། དྲིལ་སྒྲོག་རྒྱུ་ཆ། སྦྱར་བྱང་སོགས་རྣམ་པ་དང་ཐབས་ལམ་མང་པོ་བརྒྱུད་ནས་རིམས་འགོག་དང་བདེ་ཐང་གི་ཤེས་བྱ་དྲིལ་སྒྲོག་བྱས་ཏེ།རང་སྲུང་དང་ཁྱིམ་ཚང་གི་འཕྲོད་བསྟེན་སོགས་ཉིན་རྒྱུན་གྱི་བྱ་བ་ལེགས་པོར་བསྒྲུབ་པར་སྐུད་འདེད་དང་། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་ཐུན་མོང་ཐོག་མཛེས་སྡུག་ལྡན་པའི་ཁོར་ཡུག་གཙང་མ་ཞིག་བསྐྲུན་ཏེ་རིམས་འགོག་གི་བྱ་བ་ལེགས་པོར་བསྒྲུབ་རྒྱུར་སྐུལ་འདེད་བཏང་བ་རེད།