མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་བརྙན་འཕྲིན་ཁ་པར་གྲོས་ཚོགས་བསྡུས།
2020.02.24 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 37

ཟླ་གཉིས་པའི་ཚེས་ཉེར་གསུམ་ཉིན་གྱི་ཕྱི་དྲོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཏོག་གསར་གློ་ཚད་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གཅིག་གྱུར་སྐུལ་འདེད་གཏོང་བའི་ལས་དོན་བཀོད་སྒྲིག་ཚོགས་འདུར་ཞུགས་ནས་གསུང་བཤད་གལ་ཆེན་གནང་། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་དེ་འཕྲལ་བརྙན་འཕྲིན་ཁ་པར་གྲོས་ཚོགས་བསྡུས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སྒོ་ཀུན་ནས་ལག་བསྟར་དོན་འཁྱོལ་བྱེད་པའི་ཐད་སླར་ཡང་སྐུལ་སློང་དང་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་རིམས་ནད་སྔོན་འགོག་ཚོད་འཛིན་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་བཀོད་འདོམས་དཔོན་པོ་ཝང་ཅན་ཅུན་གྱིས་གྲོས་ཚོགས་ལ་འགོ་འཛིན་བྱས་ནས་གཏམ་བཤད་པ་དང་། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་། ཞིང་ཆེན་རིམས་ནད་སྔོན་འགོག་ཚོད་འཛིན་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་བཀོད་འདོམས་དཔོན་པོ་ལིའུ་ཉིང་གིས་ཀྱང་གཏམ་བཤད། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རྡོ་རྗེ་རབ་བརྟན་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གློ་ཚད་རིམས་ནད་ལ་ཁ་གཏད་འཇལ་བའི་མཉམ་འགོག་མཉམ་འཛིན་རྐྱེན་སྲོལ་གྱི་མཛུབ་སྟོན་ཚན་ཆུང་ཉེར་བརྒྱད་པའི་ཁོངས་མི་ཚོགས་འདུར་ཞུགས།

ཝང་ཅན་ཅུན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནི་ཀྲུང་གོ་གུང་ཁྲན་ཏང་མིས་འཛམ་གླིང་ཐོག་ལོ་བརྒྱའི་རིང་བྱུང་མྱོང་མེད་པའི་འཕོ་འགྱུར་ཆེན་པོའི་མདུན་དུ། རྒྱལ་ཡོངས་མི་དམངས་ཀྱི་སྣེ་ཁྲིད་དེ་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བགྲོད་ལམ་ཐོག་བསྐྱོད་དེ། འཛམ་གླིང་ལ་ཀྲུང་གོའི་སྟོབས་ཤུགས་དང་ཀྲུང་གོའི་སྙིང་སྟོབས། ཀྲུང་གོའི་ལས་ཆོད། ཀྲུང་གོའི་སྣང་བརྙན་བཅས་མངོན་པར་བྱེད་པའི་འགན་འཁྲིའི་ཡི་གེ་ཞིག་དང་། ཀྲུང་གོ་གུང་ཁྲན་ཏང་མིས་མི་དམངས་ལྟེ་བར་འཛིན་པ་དང་། རྒྱལ་ཡོངས་མི་དམངས་ཀྱི་སྣེ་ཁྲིད་དེ་ཡིད་ཆེས་བརྟན་པོ་དང་དཀའ་ངལ་མཉམ་སེལ་བྱས་ཏེ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་མི་དམངས་འགོག་རྒོལ་དམག་འཐབ་ལ་ཁྱོན་ཡོངས་ནས་རྒྱལ་ཁ་ལེན་པའི་སྐུལ་སློང་བཀའ་རྒྱ་ཞིག ཀྲུང་གོ་གུང་ཁྲན་ཏང་མིས་ཁྱོན་ཡོངས་སྤྱི་འདོམས་དང་ཕྱོགས་ཁག་མཐུན་སྦྱོར་བྱས་ནས། རྒྱལ་ཡོངས་མི་དམངས་ཀྱི་སྣེ་ཁྲིད་དེ་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ལ་གཅིག་གྱུར་སྐུལ་འདེད་གཏོང་བའི་ལམ་རིས་ས་ཁྲ་ཞིག ཀྲུང་གོ་གུང་ཁྲན་ཏང་མིས་བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་ལ་དམིགས་བཙུགས་ནས། རྒྱལ་ཡོངས་མི་དམངས་ཀྱི་སྣེ་ཁྲིད་དེ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ་དང་དབུལ་ཐར་མཁྲེགས་གཏོར་གྱི་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པའི་བསྒྲགས་གཏམ་ཡི་གེ་ཞིག་བཅས་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་ཡག་པོ་བྱེད་རྒྱུ་དང་གོ་བ་ཡག་པོ་ལེན་པ། ལག་བསྟར་ཡག་པོ་བྱེད་པ། དོན་འཁྱོལ་ཡག་པོ་བཅས་བྱ་རྒྱུ་ནི་མིག་སྔའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེ་ཤོས་ཤིག་ཡིན་ཟེར།

ཝང་ཅན་ཅུན་གྱིས་བསྟན་དོན། གློ་ཚད་ཀྱི་རིམས་ནད་བྱུང་རྗེས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚད་མཐོའི་མཐོང་ཆེན་དང་དུས་དང་རྣམ་པ་ཀུན་ཏུ་དོ་ཁུར་གནང་སྟེ། རིམས་ནད་སྔོན་འགོག་ཚོད་འཛིན་བྱ་རྒྱུ་དེ་དོན་ཆེན་ཨང་དང་པོར་བརྩིས་ནས་དམ་འཛིན་གནང་བ་དང་སྐུ་ངོ་མས་བཀོད་འདོམས་དང་བཀོད་སྒྲིག་གནང་བར་མ་ཟད། རང་ལས་གཞན་གཅེས་དང་མི་དམངས་ལ་ངོ་གནོང་མི་དགོས་པའི་བརྩེ་སེམས་བཅངས་ནས་ཏང་ཡོངས་ལ་མིག་དཔེ་བསྟན་པས། ཏང་ཡོངས་ཀྱི་བསམ་བློའི་ཐོག་གཅིག་གྱུར་དང་ཆབ་སྲིད་ཐོག་མཐུན་སྒྲིལ། བྱ་སྤྱོད་ཐོག་གཅིག་གྱུར་བཅས་ཡོང་རྒྱུར་སྐུལ་འདེད་ཤུགས་ཆེན་ཐེབས་ཡོད། ཞིང་ཆེན་ཡོངས་ཀྱི་གོང་འོག་བར་གསུམ་ཚང་མས་བྱ་སྤྱོད་དངོས་ཀྱི་ཐོག་ནས་འདུ་ཤེས་བཞི་ཇེ་ཆེ་དང་ཡིད་ཆེས་བཞི་ཇེ་བརྟན་དུ་གཏོང་བ་དང་། སྲུང་སྐྱོང་གཉིས་དོན་འཁྱོལ་བྱས་ནས། བསམ་བློ་དང་བྱ་སྤྱོད་གཉིས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་ཐོག་མགྱོགས་མྱུར་ངང་གཅིག་གྱུར་ཡོང་བར་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་ལ་མིག་ལྟོས་ཀྱིས། མཚོ་སྔོན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱེད་དགོས་ཟེར།

ཝང་ཅན་ཅུན་གྱིས་བསྟན་དོན། ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཏུ། མཚོ་སྔོན་ཞིང་ཆེན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་དེ་མཐའ་མའི་རྒྱལ་ཁ་ལེན་པའི་ཕྱོགས་སུ་སྐྱོད་བཞིན་ཡོད།རེ་བ་མངོན་ཙམ་བྱེད་སྐབས་བག་མེད་ལྷོད་གཡེང་བྱེད་མི་རུང་བར། ལས་དོན་ཡོད་ཚད་གོ་རིམ་ལྟར་བསྒྲུབ་དགོས། མིག་སྔའི་གནས་བབ་དངོས་ལ་རྐང་ཚུགས་པར་བྱེད་པ་དང་མིག་རྒྱང་རིང་པོ་བཅངས་ནས། བབ་བསྟུན་སྣེ་ཁྲིད་དང་བབ་བསྟུན་ལས་སྒྲུབ་བྱས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཐབས་ཇུས་དང་འབྲེལ་ཡོད་བྱེད་ཐབས་དུས་ཐོག་ཏུ་ལེགས་སྒྲིག་དང་འཐུས་སྒོ་ཇེ་ཚང་དུ་གཏོང་བ་དང་། ལས་རིམ་ཚང་མ་གེགས་མེད་ཡོང་བར་འགན་ལེན་བྱ་རྒྱུ་དེ་ལེགས་སྒྲིག་གི་གཙོ་གནད་དུ་འཛིན་པ། གནད་འཁེལ་ཞིབ་ཚགས་དང་ཐུགས་ཁུར་དང་གཅེས་སྐྱོང་བྱ་རྒྱུ་དེ་འཐུས་སྒོ་ཚང་བའི་རྩ་དོན་ལ་བརྩིས་ནས། གྲུབ་འབྲས་ཟམ་མི་ཆད་པར་སྲ་བརྟན་དུ་གཏོང་བ་དང་འཐབ་འབྲས་རྒྱ་ཆེར་བསྐྱེད་དགོས། རིམས་ནད་མི་འགྱངས་པར་ཡལ་ངེས་ནའང་འཕེལ་རྒྱས་ལས་དོན་མུ་མཐུད་དུ་སྤེལ་དགོས། ཕྱོགས་གང་ཅིའི་ཐད་ཀྱི་ཧུར་སེམས་སྐུལ་སློང་གང་ཐུབ་དང་། ལས་ཀ་དང་ཐོན་སྐྱེད་སླར་གསོ་གང་མགྱོགས་བྱས་ཏེ། མི་དམངས་ལ་ལས་ཞུགས་ཀྱི་གོ་སྐབས་ཡོད་པ་དང་། དཔལ་འབྱོར་ལ་ཉམས་མེད་ཀྱི་སྒུལ་ཤུགས་ཡོད་པ། སྤྱི་ཚོགས་ལ་རང་བརྟེན་གྱི་བསམ་པ་ཡོད་པ་བཅས་བྱ་རྒྱུ་དང་། མིའི་འགྲོ་འོང་དང་དངོས་ཟོག་འགྲེམ་གཏོང་། མ་དངུལ་བཅས་གོ་རིམ་ལྡན་པའི་ངང་འཁོར་རྒྱུག་ཡོང་བར་བྱས་ཏེ། དཔལ་འབྱོར་དང་སྤྱི་ཚོགས་འཁོར་རྒྱུག་བཟང་པོ་ཡོང་བར་སྐུལ་འདེད་གཏོང་བ་དང་། བརྟན་འཇགས་དྲུག་བརྟན་པོ་ཡོང་བར་འགན་ལེན་དོན་ལྡན་བྱས་ནས། རིམས་ནད་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་ལ་གནོད་རྐྱེན་ཐེབས་ཚད་དམའ་ཤོས་སུ་གཏོང་གང་ཐུབ་བྱེད་དགོས་ཟེར།

ཝང་ཅན་ཅུན་གྱིས་ནན་གྱིས་བསྟན་དོན། ཕྱོགས་གཅིག་ནས་རིམས་ནད་སྔོན་འགོག་ཚོད་འཛིན་དམ་འཛིན་བྱེད་པ་དང་ཕྱོགས་གཞན་ཞིག་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དམ་འཛིན་བྱེད་པའི་འཐབ་རྩོད་ལག་ལེན་ཁྲོད། ཏང་རྩ་འཛུགས་ཀྱི་དམག་འཐབ་བཙན་རྫོང་གི་ནུས་པ་དང་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། མཚོ་སྔོན་གྱི་ས་གཞི་ཆེ་མོའི་སྟེང་དུ་ཏང་དར་ལྷབ་ལྷུབ་ཏུ་གཡོ་ཐུབ་པར་བྱེད་དགོས། རིམ་པ་སོ་སོའི་འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ་དོན་དངོས་ལ་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་དང་། བདེན་ཐུབ་ཀྱི་སྐད་ཆར་ཉན་པ། གནས་ཚུལ་དངོས་ལ་རྟོག་ཞིབ་བྱེད་པ་བཅས་བྱས་ཏེ། ཕྱོགས་གཉིས་དམ་འཛིན་གྱི་གདོང་མཆོངས་པ་ཡག་པོ་ཞིག་བྱེད་དགོས། ཏང་གི་རྩ་འཛུགས་རིམ་པ་ཁག་དང་རྒྱ་ཆེའི་ཏང་ཡོན་རྣམས་ཀྱིས་སྤྲོ་སེམས་རབ་ཏུ་འཁོལ་བ་དང་འགན་འཁྲི་མཐོན་པོར་བརྟེན་ནས་མི་དམངས་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་དང་སྒྲིག་འཛུགས་དང་ཁྲིད་སྟོན་བྱེད་པའི་བརྟེན་ས་ཡག་པོ་ཞིག་བྱ་དགོས། ས་ཁུལ་དང་སྡེ་ཁག་སོ་སོས་འགན་འཁྲི་འཁུར་སེམས་ཆེན་པོ་བཅངས་ནས་དོན་འཁྱོལ་དམ་འཛིན་ཡག་པོ་བྱས་ཏེ། མི་དམངས་མང་ཚོགས་རང་ཁྱིམ་ནས་སྒོར་འབུད་དུ་འཇུག་རྒྱུ་དང་། སྤྱི་ཚོགས་ཡོངས་རིམས་ནད་ལས་རྣམ་པར་རྒྱལ་བར་བྱས་ཏེ། ངལ་རྩོལ་པ་ཡོངས་ཕྱིར་ལས་གནས་སུ་ལོག་ནས་ལས་དོན་སྒྲུབ་ཏུ་འཇུག་རྒྱུ་དང་། ཞིང་ཆེན་ཡོངས་ཀྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་རྒྱུན་ལྡན་ངང་སླར་གསོ་ཡོང་བར་བྱེད་དགོས་ཟེར།

ལིག་ཉིང་གིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཇི་མ་ཇི་བཞིན་ལག་བསྟར་བྱས་ནས། ཏང་ཀྲུང་དབྱང་གིས་བཏོན་པའི་ཐག་གཅོད་གལ་ཆེན་དང་བཀོད་སྒྲིག་གལ་ཆེན། བླང་བྱ་གལ་ཆེན་བཅས་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ཁག་ལ་གཅིག་གྱུར་བཀོད་སྒྲིག་དང་དམ་འཛིན་ཡག་པོ་བྱེད་དགོས། འབོད་སྐུལ་དང་ལེན་དང་ཡིད་ཆེས་བརྟན་པོ་བྱེད་དགོས། རིམས་ནད་འཕེལ་རྒྱས་ཀྱི་འགྱུར་ལྡོག་ལ་གཞིགས་ནས། འགྱུར་ལྡོག་ལ་ངོས་འཛིན་ཡང་དག་བྱེད་པ་དང་ཚན་རིག་དང་མཐུན་པའི་སྒོ་ནས་རུང་བསྟུན་བྱེད་པ། རང་འགུལ་ངང་འགྱུར་ལྡོག་ཡོང་ཐབས་བཅས་བྱེད་རྒྱུ་དང་། གནས་བབ་ལ་ཚན་རིག་དང་མཐུན་པའི་སྒོ་ནས་བརྡར་ཤ་གཅོད་པ་དང་ཤུགས་རྐྱེན་ལ་དཔྱོད་ཤེས་ཀྱི་སྒོ་ནས་ལྟ་སྟངས་ཡང་དག་འཛིན་པ། རྒྱལ་ཁ་ཐོབ་ངེས་པའི་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་བཅས་བྱས་ནས། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་རྒྱལ་ཁ་གཉིས་མངོན་འགྱུར་ཡོང་བར་འགན་ལེན་བྱེད་དགོས། ཚན་རིག་དང་མཐུན་པའི་སྒོ་ནས་སྔོན་འགོག་ཚོད་འཛིན་བྱས་ཏེ་ནུས་ཤུགས་ཡོད་རྒུས་ལས་ཀ་དང་ཐོན་སྐྱེད་སླར་གསོ་བྱེད་དགོས། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཁག་ཚང་མ་མཐའ་གཅིག་ཏུ་ཡག་པོ་སྒྲུབ་པ་དང་ཆབས་ཅིག་ཏུ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་མཐའ་གཅིག་ཏུ་བྱེད་པ་དང་། འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བ། བརྟན་འཇགས་དྲུག་གི་ལས་དོན་ཕྱོགས་ཡོངས་ནས་ཡག་པོ་སྒྲུབ་པ། སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་ལས་དོན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ། དཔེ་སྟོན་ཞིང་ཆེན་ལྔ་འཛུགས་སྐྲུན་ལ་གཅིག་གྱུར་བཀོད་སྒྲིག་བྱེད་པ། དཔལ་འབྱོར་གྱི་རྣམ་པ་བཞིའི་སྣེ་ཁྲིད་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། ཕྱོགས་གཉིས་དམ་འཛིན་དང་གཉིས་ཀར་འཐུས་ཤོར་མི་འགྲོ་བ། གཉིས་ཀར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། སྔོན་འགོག་ཚོད་འཛིན་གྱི་གྲུབ་འབྲས་རྒྱུན་ཆད་མེད་པར་སྲ་བརྟན་དང་རྒྱ་ཆེར་གཏོང་བ་དང་། ཧེ་བག་ཅན་གྱི་སྔོན་འགོག་ཚོད་འཛིན་གྱི་ཐབས་ཇུས་དོན་འཁྱོལ་བྱེད་པ། ཕྱོགས་གཉིས་ཀྱི་མཚམས་ཚིགས་ཁོང་དུ་ཡང་དག་ཆུད་པར་བྱེད་པ། ཧེ་བག་ལ་དམ་པོར་དམིགས་ཏེ་ཞན་ཆ་གསབ་པ། སྨན་བཅོས་མི་སྣར་ཐུགས་ཁུར་དང་གཅེས་སྐྱོང་བཅས་བྱེད་དགོས། དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྒྲིག་ལམ་གང་མགྱོགས་སླར་གསོ་བྱས་ཏེ་རིམས་ནད་མེད་པར་བཟོས་ནས། བཀག་ཆ་གཙང་སེལ་དང་ཤར་གཏོང་ལ་འགན་ལེན་དོན་གནས་བྱེད་པ། མཐུན་རྐྱེན་གཙོ་བོའི་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། བློ་བརྟན་འགྱུར་མེད་ཀྱིས་མཁྲེགས་གཏོར་དམག་འཐབ་གསུམ་ཡག་པོ་རྒྱག་པ་དང་། དབུལ་ཐར་མཁྲེགས་གཏོར་གྱི་དམག་འཐབ་རྒྱག་པ། སྦགས་བཙོག་འགོག་བཅོས་ལ་ཤུགས་སྣོན་རྒྱག་པ། དངུལ་རྩའི་ཉེན་ཁ་སྔོན་འགོག་དང་སེལ་བ་བཅས་བྱེད་དགོས། ཐབས་མང་མཉམ་སྤྱོད་ཀྱིས་ཕན་ནུས་ལྡན་པའི་དགོས་མཁོ་རྒྱ་སྐྱེད་གཏོང་བ་དང་། ཕན་ནུས་ལྡན་པའི་དངུལ་འཇོག་རྒྱ་སྐྱེད་ཧུར་ཐག་གཏོང་བ། འཛད་སྤྱོད་བསྐྱར་གསབ་དང་མི་མངོན་པའི་སྟོབས་ཤུགས་འདོན་པར་སྐུལ་འདེད་གཏོང་བ། ཕྱི་ཕྱོགས་ཉོ་ཚོང་ལ་གཞོལ་བའི་ཁེ་ལས་བརྟན་པོའི་ངང་བསྐྱར་འཕར་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱ་དགོས། དམངས་འཚོའི་འདེགས་སྐྱརོ་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལས་ཞུགས་གནས་བབ་སྔར་ལས་ཇེ་བརྟན་དུ་གཏོང་བ། གཞི་རྩའི་འགན་སྲུང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། མཁོ་སྤྲོད་འགན་ལེན་དང་རིན་གོང་བརྟན་པོ་ཡོང་བའི་ལས་དོན་ཡག་པོ་བསྒྲུབ་དགོས། འགན་འཁྲི་འཁུར་ནས་དོན་འཁྱོལ་དམ་འཛིན་བྱེད་དགོས། སྲིད་བཀའ་གེགས་མེད་ཤར་གཏོང་ཐུབ་པ་དང་། མཉམ་ལས་གཞོགས་འདེགས་དམ་ཟབ་བྱེད་པ། ལྟ་ཞིབ་དང་འགན་འཁྲི་རྩད་གཅོད་བྱེད་ཤུགས་ཆེ་རུ་གཏོང་བ། སྙིང་སྟོབས་ཆེར་སྐྱེད་དང་སེམས་ཤུགས་གཅིག་སྒྲིལ། གསར་གཏོད་སྲོལ་འབྱེད། འགན་འཁྲི་འཁུར་ཕོད་པ་བཅས་བྱས་ནས། གཡུལ་འགྱེད་ཁྲོད་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་ལེན་དུ་བསྟར་ཏེ། ཉམས་སད་ཐེག་ཐུབ་པའི་གྲུབ་འབྲས་ལེན་དགོས་ཟེར།

ཞིང་ཆེན་གྱི་འགོ་ཁྲིད་ཝང་ཞའོ་དངཡུས་ཚུང་ལི། ཀྲང་ཀོང་རུང་། ཉི་མ་སྒྲོལ་མ། ཉེའོ་ཁྲིན་ཡོན། ཁོང་ཡུང་། ཝང་ལིས་མེན། ལིག་ཐའོ། ཀྲང་ཝུན་ཁོས་བཅས་ཚོགས་འདུར་ཞུགས།

བན་དེ་སྐྱབས་ཀྱིས་བསྒྱུར།