གངས་ལྗོངས་མེ་ལོང་དྲ་བའི་འཕྲིན། ཟླ2པའི་ཚེས22ཉིན་མཚོ་སྔོན་གྱི་ཏོག་གསར་གློ་ཚད་ཡོད་པའི་ནད་པ་ཡོད་ཚད་སྨན་ཁང་ལས་ཕྱིར་བུད་པའི་བརྡ་སྦྱོར་དེ་ག་ས་ཀུན་ཏུ་ཁྱབ་པ་དང་།
ཟླ2པའི་ཚེས23ཉིན་རིམས་ནད་འགོག་སྲུང་གི་བྱ་ཐབས་ཡག་པོ་སྤྱད་དེ་ལས་སྒོ་སླར་གསོ་ཡི་བརྡ་ཁྱབ་ཨང7བཏང་བ་རེད།
འོན་ཀྱང་། རིམས་ནད་འགོག་སྲུང་གི་བྱ་བ་ད་དུང་མུ་མཐུད་ནས་རྒྱུན་བསྲིངས་དགོས་ཏེ། ལས་ཚོགས་སུ་ཞུགས་མཁན་དག་གིས་སྔར་བཞིན་ཁ་ཐུམ་རྒྱག་པ་དང་། ལས་གཉེར་བྱས་པའི་ཟ་ཁང་དག་ནས་འདུ་འཛོམས་མི་བྱེད་པ། ལས་སྒོ་སླར་གསོ་དང་རིམས་འགོག་གཉིས་ཀར་དོ་དམ་ཚོད་འཛིན་དང་འཐུས་ཤོར་མི་འགྲོ་བར་འགན་ལེན་ཁག་ཐེག་བྱ་དགོས།
"སླེབས་བྱུང་སྟེ། རེ་སྒུག་གི་ངང་ནས་ཚོང་གཉེར་བྱས་ཆོག་པའི་བརྡ་ཐོ་སླེབས་བྱུང་། ཐེངས་འདིའི་རིམས་ནད་ཀྱིས་ང་ཚོའི་ཚོང་ལས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་བྱུང་བས། ཉེ་ཆར་དུས་རྒྱུན་མཚོ་སྔོན་གྱི་རིམས་ནད་གནས་ཚུལ་ལ་དོ་ཁུར་བྱེད་བཞིན་ཡོད།"ཅེས་སུའུ་ཚང་གི་སྐམ་ཤའི་ཐུག་པའིི་སྦྱིན་བདག་གིས་དགའ་སྐྱོ་འདྲེས་མས་སྐུ་མགྲོན་རྒན་གྲས་ཤིག་དང་གླེང་མོལ་བྱེད་བཞིན་འདུག ལོ་རེའི་ཟླ་གཉིས་པའི་ཚེས་གཉིས་ཉིན་ནི་ཚོང་ལས་ཆེས་བཟང་བའི་སྐབས་ཤིག་ཡིན་ལ། ད་ལོ་ཡིན་ན་རིམས་ནད་འདིའི་ཆེད་དུ་ང་ཚོས་ཚོང་གཉེར་བྱེད་མཚམས་བཞག་ཟིན། ཚོང་གཉེར་བྱས་ཆོག་པའི་བརྡ་སྦྱོར་དེ་མཐོང་མ་ཐག་ང་ཚོ་ཤིན་ཏུ་དགའ་བྱུང་། ང་ཚོས་ནམ་རྒྱུན་དུག་སེལ་བྱེད་པ་དང་ཟ་ཁང་ནང་གི་སྐུ་མགྲོན་གྱི་གྲངས་ཀ་ལ་ཚོད་འཛིན་བྱེད་ངེས་ཡིན་ཟེར།
“ང་ནི་ཤིན་ཧྲེང་ལུང་ཡོན་ལས་གཞིའི་པུའུ་ཡི་ལས་མི་ཞིག་ཡིན། ལོ་སྔོན་མ་དག་ལ་མཚོན་ན་ད་སྐབས་ནི་ལས་འགོ་བཙུགས་ནས་ཡུན་རིང་འགོར་ཡོད་པའི་ཚོད་རེད། ད་ལོ་ཡིན་ན་རིམས་ནད་ཀྱི་གནས་ཚུལ་ལ་གཞིགས་ཏེ་ལས་འགོ་འཛུགས་མ་ཐུབ་པས། ཟླ་འདིར་གླ་ཆ་མེད་པ་མཐོང་སྐབས་ང་ཚོ་ཁྱིམ་མི་ཚང་མས་འཚོ་བའི་ཡོང་ཁུངས་ལ་སེམས་ཁྲལ་ཆེན་པོ་བྱེད་བཞིན་ཡོད། ཡིན་ཡང་སེམས་ཚེགས་དང་བཅས་ལས་སྒོ་སླར་གསོ་བྱེད་པའི་བརྡ་སྦྱོར་འབྱོར་སོང་། དེ་བས་ང་ཚོ་མྱུར་མོར་ཕྱིར་སླེབས་དགོས་པ་བྱུང་། ཕྱིར་ཐོན་མ་ཐག་སྒོ་ཁར་ཞུ་གཏུག་བྱ་སའི་ཁ་པར་ཨང་གྲངས་ཤིག་སྦྱར་ཡོད་པས། ནད་ཡམས་ཚབས་ཆེན་ཕོག་ས་ནས་ཡོང་བའི་ང་ལ་མཚོན་ན། རང་རྟོགས་ངང་ཁྱེད་ཚོ་དང་འབྲེལ་བ་བྱས་ནས་ཐོ་འགོད་བྱས་པ་མ་ཟད་ཁྱིམ་དུ་ལོགས་སུ་བཀར་ནས་བསྡད་ཡོད་པས་ཁྱེད་ཚོར་ཐུགས་རྗེ་ཆེ་ཞུ་བ་ཡིན། ཁྱེད་ཚོས་དཀའ་ལས་མྱངས་སོང་།
བརྟག་དཔྱད་ས་ཚིགས་མེད་པར་བཟོས་ཏེ་ལས་སྒོ་སླར་གསོ་བྱས་པ་དང་བསྟུན་ཕྱི་ནས་ཡོང་བའི་མི་གྲངས་རྒྱུན་ཆད་མེད་པར་མང་དུ་ཕྱིན་ལ་ཚོང་ཁང་སོགས་གཅིག་རྗེས་གཉིས་མཐུད་ངང་ལས་གཉེར་བྱེད་འགོ་ཚུགས་ཡོད་ལ། ཉན་པོ་གྲོང་རྡལ་ནིེ་ལི་ཏུའུ་ཡི་ལྟེ་བའི་ཁུལ་ཡིན་པའི་ཆ་ནས་གྲལ་བཤེར་དང་དོ་དམ་ཚོད་འཛིན་གྱི་གནོན་ཤུགས་ཉིན་རེར་བཞིན་ཆེ་རུ་འགྲོ་བཞིན་ཡོད། “རིམས་ནད”འགོག་སྲུང་ལ་ནུས་པ་ཐོན་པའི་ཕྱིར་དུ། ཉན་པོ་གྲོང་རྡལ་གྱིས་མུ་མཐུད་ནས་དྲ་ཐོག་དང་དྲ་ཕྱི་ཟུང་འབྲེལ་གྱི་བྱེད་སྟངས་བཀོལ་སྟེ་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བཞིན་ཡོད་དེ།
གཅིག་ནས་འཕྲེད་དར་འགེལ་བ་དང་དྲིལ་བསྒྲགས་ལག་དེབ་སྤྲོད་པ་སོགས་ཀྱི་འགོག་སྲུང་བྱེད་པའི་རྣམ་པར་ཤུགས་བརྒྱབ་ཡོད། གཉིས་ནས་སྐད་འཕྲིན་སྤྱི་སྟེགས་དང་། གློག་རྡུལ་བརྙན་ཤེལ། སྐད་འཕྲིན་ཚོགས་པ་སོགས་ཀྱི་ཐབས་ལམ་སྤྱད་དེ་ཁེ་ལས་དང་ཚོང་ཁང་ཁག་ལ་འགོག་སྲུང་གི་བྱ་ཐབས་ཡག་པོ་བཀོལ་སྟེ་བདེ་འཇགས་གཉེར་སྐྱོང་ལ་འགན་ལེན་ཁག་ཐེག་བྱས་ཡོད།
རིམས་ནད་ལ་འགོག་རྒོལ་བྱས་ནས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་ལ་སྲུང་སྐྱོང་བྱ་རྒྱུ་ནི་ཤིན་ཏུ་གལ་ཆེ་ལ། ཚོང་ཁང་སོགས་ལས་གཉེར་བྱས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་བརྟན་པོའི་ངང་འཁོར་སྐྱོད་བྱ་རྒྱུའང་ཤིན་ཏུ་གལ་ཆེ། དེ་བས་ཉན་པོ་གྲོང་རྡལ་ཏང་ཨུ་དང་སྲིད་གཞུང་གིས་ཕྱོགས་གཅིག་ནས་རིམས་ནད་འགོག་སྲུང་དམ་འཛིན་བྱེད་པ་དང་། ཕྱོགས་གཞན་ཞིག་ནས་ལས་སྒོ་སླར་གསོ་ཡི་ལས་དོན་ལ་གཞིགས་ཏེ་མང་ཚོགས་དང་མཉམ་དུ"རིམས་ནད"འགོག་སྲུང་དང་ལས་གཉེར་འཕེལ་རྒྱས་ལ་རྒྱལ་ཁ་ལེན་ཐུབ་པར་ཡིད་ཆེས་ཀྱིས་ཁེངས་འདུག