མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སློབ་གསོ་བྱ་བ་དང་སློབ་གསོ་མ་ལག་གི་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བའི་གྲོས་ཚོགས་བརྙན་རིས་ཀྱི་ལམ་ནས་བསྡུས།
2020.02.27 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 40

ཟླ་གཉིས་པའི་ཚེས་ཉེར་དྲུག་ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སློབ་གསོ་བྱ་བ་དང་སློབ་གསོ་མ་ལག་གི་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བའི་གྲོས་ཚོགས་བརྙན་རིས་ཀྱི་ལམ་ནས་བསྡུས་ཤིང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལིག་ཉིང་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་། ཞིང་ཆེན་ཏང་ཨུའི་སློབ་གསོ་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཀྲང་ཞི་མེན་གྱིས་སོ་སོར་བྱ་བའི་བླང་བྱ་བཏོན་པ་དང་། ཧྲིན་ཀྲང་གཞོན་པ་ལིག་ཐའོ་ཐེངས་འདིའི་ཚོགས་འདུར་ཞུགས།

ལིག་ཉིང་གིས་བསྟན་དོན། ཉིས་སྟོང་བཅུ་དགུ་ལོར་ཞིང་ཆེན་ཡོངས་ཀྱི་སློབ་གསོའི་མ་ལག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སློབ་གསོའི་སྐོར་གྱི་རྒྱས་བཤད་གལ་ཆེན་ལག་བསྟར་གཏིང་ཟབ་བྱེད་པ་དང་། རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་སློབ་གསོའི་ཚོགས་ཆེན་གྱི་དགོངས་དོན་དོན་འཁྱོལ་ནན་ཏན་བྱེད་པ། མི་དམངས་ཀྱི་འདོད་བློ་ཚིམ་པའི་སློབ་གསོ་ཡག་པོ་གཉེར་རྒྱུར་དམིགས་ཏེ། ཏང་འཛུགས་སྐྲུན་གྱི་བསམ་བློ་བརྟན་པོ་སྲུང་སྐྱོབ་དང་། དོ་སྙོམས་མཐུན་སྦྱོར་འཕེལ་རྒྱས། ཀུན་ཕན་སྤུས་ཚད་མཐོ་རུ་གཏོང་བ། དབུལ་ཐར་མཁྲེགས་གཏོར་ལ་རམ་འདེགས་བྱེད་པ། དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་སོགས་ཀྱི་ཐད་ལས་དོན་འབོར་ཆེན་བསྒྲུབས་ནས་ཕན་འབྲས་གསར་པ་ཐོབ་ཡོད། ཉིས་སྟོང་ཉི་ཤུ་ལོར་རང་རེའི་ཞིང་ཆེན་གྱིས་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་རྒྱང་སྐྱོད་ལམ་བུ་གསར་པ་གཏོད་རྒྱུ་ཡིན་པས། ཞིང་ཆེན་ཡོངས་ཀྱི་སློབ་གསོའི་མ་ལག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བྱ་རྒྱུ་རྒྱུན་འཁྱོངས་ཀྱིས། ཏང་གི་སློབ་གསོའི་བྱེད་ཕྱོགས་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་གཞིར་བཟུང་སྟེ། ཀུན་སྤྱོད་ལ་བརྟེན་ནས་མི་སྣ་གསོ་སྐྱོང་གི་རྩ་བའི་ལས་འགན་དོན་འཁྱོལ་བྱེད་པ། སློབ་གསོ་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་གཏོང་བ། མི་དམངས་མང་ཚོགས་ཀྱི་སློབ་གསོའི་ཐོབ་ཚོར་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་བཅས་བྱས་ནས། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་རྒྱལ་ཁ་ཕུ་ཐག་གཅོད་ཆེད་ལེགས་སྐྱེས་གསར་པ་འབུལ་རྒྱུའི་རེ་བ་ཡོད་ཟེར།

ཀྲང་ཞི་མེན་གྱིས་བསྟན་དོན། འདས་ཟིན་པའི་ལོ་གཅིག་རིང་ཞིང་ཆེན་ཡོངས་ཀྱི་སློབ་གསོའི་འཐབ་ཕྱོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ཁྲིད་སྟོན་དུ་བྱ་རྒྱུ་རྒྱུན་འཁྱོངས་དང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་ལག་བསྟར་ནན་ཏན། ཏང་འཛུགས་སྐྲུན་ལ་གཅིག་གྱུར་བཀོད་སྒྲིག་བྱེད་རྒྱུ་རྒྱུན་འཁྱོངས་བཅས་བྱས་ཏེ། ཀུན་སྤྱོད་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱ་རྒྱུ་དང“ལོ་འཁོར་70གཉིས”དང་བརྗོད་དོན་སློབ་གསོ་དང་ཟུང་འབྲེལ་དམ་ཟབ་བྱས་ནས། སློབ་གསོ་སློབ་ཁྲིད་ཀྱི་བརྒྱུད་རིམ་ཧྲིལ་པོར་མཉམ་འདྲེས་ཐུབ་པ་བྱས་ཏེ། ལས་དོན་ཁག་ལ་རྩ་བའི་རང་བཞིན་གྱི་འཕེལ་རྒྱས་གསར་པ་བྱུང་ནས། མི་དམངས་ཀྱི་འདོད་བློ་ཚིམ་པའི་སློབ་གསོའི་ཐད་གོམ་སྟབས་གསར་པ་སྤོས་ཡོད། ལོ་གསར་པའི་ནང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཏུ། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་གལ་ཆེན་ལག་བསྟར་གཏིང་ཟབ་བྱེད་པ་དང་། སློབ་གསོའི་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བ། གསར་གཏོད་གསར་འབྱེད་བཅས་ཧུར་ཐག་བྱས་ཏེ། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པར་བྱེད་པ་དང་ལོ་ལྔའི་འཆར་གཞི་བཅུ་གསུམ་པ་མཇུག་ལེགས་པོ་སྒྲིལ་ཆེད་གས་སྐྱེས་གསར་པ་འབུལ་དགོས་ཟེར།

ལིག་ཐའོ་ཡིས་གཏམ་བཤད་སྐབས་ན་ནིང་ཞིང་ཆེན་ཡོངས་ཀྱི་སློབ་གསོའི་ལས་དོན་གྱིས་བླངས་པའི་ཕན་འབྲས་ལ་ཁས་ལེན་གང་ལེགས་བྱས་པ་དང་། སློབ་གསོའི་བྱ་བར་འཕྲད་པའི་གནས་བབ་ལ་དབྱེ་ཞིབ་གཏིང་ཟབ་བྱས་ནས། ད་ལོའི་ལས་དོན་ཁག་ཡག་པོ་བསྒྲུབ་རྒྱུའི་ཐད་བླང་བྱ་ཁ་གསལ་བཏོན་ནས་བཤད་རྒྱུར། ཞིང་ཆེན་ཡོངས་ཀྱི་སློབ་གསོའི་མ་ལག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སློབ་གསོའི་ལས་དོན་སྐོར་གྱི་རྒྱས་བཤད་གལ་ཆེན་སློབ་སྦྱོང་ལག་བསྟར་བྱེད་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ལས་དོན་བཀོད་སྒྲིག་དོན་འཁྱོལ་གཏིང་ཟབ་བྱེད་པ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་རྒྱུན་འཁྱོངས་བྱེད་པ། ཀུན་སྤྱོད་ལ་བརྟེན་ནས་མི་སྣ་སྐྱོང་བྱེད་པའི་གཞི་རྩའི་ལས་འགན་རྒྱུན་འཁྱོངས་བྱེད་པ། ཏང་གིས་སློབ་གསོའི་ལས་དོན་ལ་འགོ་ཁྲིད་བྱ་རྒྱུར་དམ་འཛིན་ནན་མོ་བྱེད་པ་བཅས་བྱས་ནས། སློབ་གསོའི་ལས་དོན་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཕྱོགས་སུ་མདུན་སྐྱོད་ཐུབ་པར་འགན་ལེན་བྱེད་དགོས་པ་དང་། གནད་དོན་གྱི་ཁྲིད་ཕྱོགས་དང་དམིགས་ཚད་ཀྱི་ཁྲིད་ཕྱོགས། གྲུབ་འབྲས་ཀྱི་ཁྲིད་ཕྱོགས་བཅས་ཕན་ཚུན་གཅིག་གྱུར་རྒྱུན་འཁྱོངས་བྱས་ཏེ། རིམ་པ་དང་རིགས་སོ་སོའི་སློབ་གསོ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གཅིག་གྱུར་སྐུལ་འདེད་གཏོང་དགོས་པ། གོང་འོག་མཉམ་འགུལ་དང་གནད་འཁེལ་ཤུགས་འདོན་རྒྱུན་འཁྱོངས་བྱས་ཏེ། ཚན་རིག་དང་མཐུན་པའི་ཇུས་འགོད་དང་བརྟན་པོའི་ངང་འཕེལ་བར་སྐུལ་འདེད་བཏང་ནས། སློབ་གསོའི་ཁྱབ་ཁོངས་ཀྱི་སྒྱུར་བཅོས་ཁག་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་དགོས་པ། ཚན་རིག་དང་མཐུན་པའི་ཇུས་འགོད་དང་། བཅོས་སྒྱུར་དང་འཕེལ་རྒྱས། བརྟན་འཇགས་བཅས་བར་གྱི་འབྲེལ་བ་གཅིག་གྱུར་གྱིས་ཁོང་དུ་ཆུད་པར་བྱས་ཏེ། ལས་སླ་མོའི་ངང་ཐོབ་པ་ཞིག་མིན་པའི་འཆམ་མཐུན་དང་བརྟན་འཇགས་ཀྱི་རྣམ་པ་རྒྱུན་མཐུད་ངང་སྲ་བརྟན་དུ་གཏོང་དགོས་ཟེར།

ལིག་ཐའོ་ཡིས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་སློབ་གསོའི་མ་ལག་གིས་ རིམས་ནད་སྔོན་འགོག་ཚོད་འཛིན་ནི་མིག་སྔའི་ལས་དོན་གྱི་གལ་ཆེན་ནང་གི་འགངས་ཆེན་དུ་བརྩིས་ཏེ། གཙོ་གནད་མངོན་གསལ་དོད་པ་དང་། གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག་བྱེད་པ། རིགས་དབྱེ་མཛུབ་སྟོན། ཁུལ་དབྱེ་ཇུས་བསྟར་བཅས་ཀྱི་རྩ་དོན་དང་། རྫོང་ཁོངས་ཚན་པར་བྱེད་པ་དང་། ཁུལ་དབྱེ་རིམ་དབྱེ་བྱས་ནས་ཧེ་བག་ཅན་གྱི་སྔོན་འགོག་ཚོད་འཛིན་གྱི་ཐབས་ཇུས་བཟོ་བའི་བླང་བྱ་གཞིར་བཟུང་ནས། ཁོངས་གཏོགས་ས་ཆའི་དོ་དམ་དང་སློབ་གྲྭའི་གཡུལ་ས། དགེ་རྒན་མི་སྣ་གསོ་སྐྱོང་བཅས་རིམ་གསུམ་གྱི་འགན་འཁྲི་ཇེ་དམ་དུ་གཏོང་རྒྱུ་དང་། སློབ་འགོ་མ་བརྩམས་གོང་གི་གྲ་སྒྲིག་བྱེད་ཐབས་ཁག་དོན་འཁྱོལ་བྱེད་པ། སློབ་གསོའི་ཁོངས་གཏོགས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔྱིད་དུས་སློབ་གསོ་རྩོམ་པའི་ལས་དོན་ལ་གཅིག་གྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས། སློབ་གྲྭ་དང་དགེ་སློབ་ཀྱི་བདེ་འཇགས་ལ་འགན་ལེན་བྱེད་དགོས་ཟེར།

བན་དེ་སྐྱབས་ཀྱིས་བསྒྱུར།