མཚོ་སྔོན་དུ་ཕྱིར་ལོག་པའི་དགེ་སློབ་དག་ལ་ཉིན14རིང་སྨན་བཅོས་ལྟ་ཞིབ་བྱ་རྒྱུ་རེད།
2020.02.27 ཁུངས། ཀློག་གྲངས། 60

གངས་ལྗོངས་མེ་ལོང་དྲ་བའི་འཕྲིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏོག་དབྱིབས་གློ་ཚད་ཀྱི་ནད་དུག་འགོག་སྲུང་བྱེད་པར་བཏོན་པའི་གཏམ་བཤད་གལ་ཆེན་དང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་གྲོས་ཚོགས་ཀྱི་བསམ་བློའི་དགོངས་དོན་ལག་ལེན་གཏིང་ཟབ་བྱ་ཆེད། ཕྱོགས་ཡོངས་ནས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། མཚོ་སྔོན་ཞིང་ཆེན་ཏང་ཨུ། ཞིང་ཆེན་མི་དམངས་སྲིད་གཞུང་བཅས་ཀྱིས་རིམས་ནད་འགོག་སྲུང་དང་འབྲེལ་བའི་ཇུས་ཆོད་བཀོད་སྒྲིག་དོན་འཁྱོལ་བྱས་ཏེ། མཚོ་སྔོན་གྱིས་སློབ་གསོའི་སྡེ་ཁག་གི་རིམས་ནད་འགོག་སྲུང་དང2020ལོའི་དཔྱིད་དུས་སློབ་མགོ་རྩོམ་པའི་བྱ་བ་གཅིག་གྱུར་འཆར་འགོད་བྱེད་དགོས་པ་དང་། དེ་མིན་སློབ་གྲྭའི་རིམས་འགོག་གི་བྱེད་ཐབས་དག་གོ་རིམ་ལྡན་པའི་ངང་སྤེལ་ཏེ། སློབ་མགོ་རྩོམ་པའི་གྲ་སྒྲིག་གི་བྱ་བ་དག་ནན་ནན་ཏིག་ཏིག་གིས་བསྒྲུབ་དགོས། 

མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་སྒྲུབ་ཐིན་གྱི«ཏོག་གསར་གློ་ཚད་འགོག་སྲུང་ལ་གཅིག་གྱུར་འཆར་འགོད་བྱས་ཏེ2020ལོའི་དཔྱིད་དུས་སློབ་མགོ་རྩོམ་པའི་བྱ་བ་ལེགས་པོར་བསྒྲུབ་པ་དང་འབྲེལ་བའི་བརྡ་སྦྱོར》(བསྡུས་ན《བརྡ་སྦྱོར》)གི་བླང་བྱ་ལྟར། རིམས་ནད་ཚོད་འཛིན་བྱ་ཆོག་པའི་རྩ་དོན་རྒྱུན་འཁྱོངས་བྱེད་པ་དང་སློབ་གསོ་པུའུ་ཡི“རིམས་ནད་ལ་ནུས་ལྡན་གྱིས་ཚོད་འཛིན་མ་བྱས་པའི་སྔོན་ལ་སློབ་གྲྭ་འཚོགས་མི་ཆོག”ཅེས་པའི་བླང་བྱ་ལྟར། ཞིང་ཆེན་ཡོངས་ཀྱི་སྤྱི་བའི་འཕྲོད་བསྟེན་གྱི་རིམ་པ་དང་པོའི་འབོད་སྐུལ་དང་ལེན་བྱས་པ་སྙོམ་སྒྲིག་མ་བྱས་པའི་སྔོན་ལ། རིམ་པ་སོ་སོའི་སློབ་གྲྭས(དམངས་སྒྲུབ་སློབ་གྲྭ་དང་བྱིས་སྐྱོང་ཁང་འདུ)སློབ་མགོ་བརྩམ་མི་ཆོག་ལ། ཞིང་ཆེན་མི་དམངས་སྲིད་གཞུང་གི“གནད་ཆེའི་འགོག་སྲུང་ཚོད་འཛིན་གྱི་ས་ཁུལ་དང་འགོག་སྲུང་ཚོད་འཛིན་གལ་ཆེན་མིན་པའི་ས་ཁུལ། སྤྱིར་བཏང་གི་འགོག་སྲུང་ཚོད་འཛིན་ས་ཁུལ”བཅས་ས་ཁོངས་རིམ་པ་གསུམ་དུ་དགར་ཡོད་པ་གཞིར་བཟུང་ནས། རིམས་འགོག་གི་གནས་བབ་ལ་ཚན་རིག་གི་དཔྱད་དཔོག་བྱས་ཏེ། སློབ་མགོ་རྩོམ་པའི་བྱ་བར་ཞིབ་འཇུག་དང་ཛ་དྲག་གི་གནས་བབ་ལ་གཡོལ་ནས་སློབ་མགོ་རྩོམ་པའི་རྩ་དོན་ལྟར། མཐོ་རིམ་སློབ་གླིང་དང་སློབ་གྲྭ་ཆུང་འབྲིང་། བྱིས་སྐྱིང་ཁང་སོགས་རིམ་པ་མི་འདྲ་བའི་སློབ་སྦྱོང་གི་དུས་རིམ་དག་ལ། སྒྲིག་གཞིའི་ཁྱད་ཆོས་དང་སློབ་གསོ་སློབ་སྒྲུབ་ཀྱི་དགོས་མཁོ། གཞན་ས་ཁོངས་ཀྱི་རིམས་འགོག་རིམ་པ་ལྟར་སློབ་མགོ་རྩོམ་པའི་དུས་ཚོད་གཏན་འཁེལ་བྱ་ངེས་ཡིན། 

དེ་དང་མཉམ་དུ་ཁོངས་གཏོགས་ས་ཁུལ་གྱི་དོ་དམ་རྩ་དོན་རྒྱུན་འཁྱོངས་བྱས་ནས། “རྫོང་ཁོངས་གཅིག་སྡེ་ཚན་གཅིག་ཏུ་བརྩི་བའི”བླང་བྱ་ལྟར། རྫོང་གི་ཁྱབ་ཁོངས་ནས་རིམ་པ་སོ་སོའི་སློབ་གྲྭ་སློབ་མགོ་རྩོམ་པ་དང་རིམས་འགོག་གི་བྱ་བ་དག་རྫོང་རིམ་པའི་མི་དམངས་སྲིད་གཞུང་གིས་གཅིག་གྱུར་བཀོད་སྒྲིག་དང་གཅིག་གྱུར་སྣེ་ཁྲིད། གཅིག་གྱུར་བརྟག་དཔྱད། གཅིག་གྱུར་དཔྱད་དཔོག་བྱས་ཏེ། དྲ་ཐོག་གི་སློབ་ཁྲིད་སྔོན་ལ་ལག་ཏུ་བསྟར་བའི་རྩ་དོན་རྒྱུན་འཁྱོངས་བྱས་པ་དང་། རྒྱལ་ཁབ་དང་མཚོ་སྔོན། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ཞིང་ཆེན་དང་གྲོང་ཁྱེར་གྱི་དྲ་ཐོག་བསླབ་ཚན་གྱི་ཐོན་ཁུངས་གཅིག་གྱུར་འཆར་འགོད་བྱེད་དགོས། ཟླ3པའི་ཚེས1ཉིན་ནས་བཟུང་། རིམ་པ་སོ་སོའི་སློབ་མར་བསླབ་ཚན་བསྐྱར་སྦྱོང་དང་སྔོན་སྦྱོང་བྱེད་པའི་སྐོར་གྱི་བྱ་བར་རོགས་འདེགས་དང་མཛུབ་སྟོན་བྱ་རྒྱུ། 

བྱ་བ་འདི་ཉིད་གོ་རིམ་ལྡན་པའི་ངང་ནས་སྤེལ་ཆེད། «བརྡ་སྦྱོར»ལྟར་ས་ཁོངས་དོ་དམ་དང་སློབ་རའི་དོ་དམ། དཔེ་ཁྲིད་མི་སྐྱོང་བཅས་ཀྱི་འགན་འཁྲི་ཇེ་ལྕིར་གཏོང་བ་དང་། རྫོང་སོ་སོའི་མི་དམངས་སྲིད་གཞུང་གིས་ས་ཁོངས་ཀྱི་སློབ་གྲྭའི་རིམས་འགོག་དངོས་ཟོག་འགན་སྲུང་གི་བྱ་བར་གཅིག་གྱུར་གྱིས་བཀོད་སྒྲིག་བྱས་ཏེ། སློབ་མགོ་མ་བརྩམ་པའི་སྔོན་ལ་གྲ་སྒྲིག་ཚགས་ཆུད་བྱ་རྒྱུར་ཁག་ཐེག་བྱ་དགོས་པ་དང་། ས་གནས་ཀྱི་ནོར་སྲིད་དང་སློབ་གསོ་སྡེ་ཁག་གིས་མ་དངུལ་ལ་འགན་སྲུང་བྱ་དགོས། གཞན་རྫོང་རིམ་པའི་འཕྲོད་བསྟེན་སྡེ་ཁག་གིས་སློབ་རའི་རིམས་འགོག་གི་བྱ་བར་མཛུབ་སྟོན་བྱེད་པར་ཤུགས་བསྣན་ནས། སྔོན་ལ་སློབ་རའི་སྨན་པར་གསོ་སྦྱོང་བྱེད་པ་སོགས་སློབ་རའི་འཐབ་ཕྱོགས་དང་པོའི་རིམས་འགོག་མི་སྣ་དག་ལ་གསོ་སྦྱོང་བྱ་དགོས་ལ། སློབ་རས་ཚན་རིག་གི་སྒོ་ནས་ལུས་དྲོད་ལ་བརྟག་པ་དང་དུག་སེལ་བྱེད་པ་སོགས་རིམས་འགོག་གི་གོ་རིམ་དག་ལེགས་པོར་བསྒྲུབ་དགོས། ཞིང་ཆེན་ཕྱི་ནས་ཡོང་བའི་དགེ་སློབ་དང་ལས་བྱེད་མི་སྣ་སུ་ཞིག་ཡིན་རུང་ཉིན14རིང་ལ་ལོགས་བཀར་བྱས་ནས་སྨན་བཅོས་ལྟ་ཞིབ་བྱ་དགོས་པ་མ་ཟད། སློབ་གྲྭ་དང་སྡེ་ཁུལ་ནས“ལྟ་རྟོག”བྱེད་པའི་ལམ་ལུགས་ལག་བསྟར་བྱ་དགོས། 

དེ་ལས་གཞན། རིམ་པ་སོ་སོའི་སློབ་གྲྭ་དག་གིས་རིམས་འགོག་གི་བྱ་བ་ལེགས་པོར་སྒྲུབ་པ་དང་མཉམ་དུ། མལ་ཁང་དང་ཟས་རིགས། བཏུང་ཆུ། སློབ་གྲྭའི་རླངས་འཁོར། མེ་གོག ཚོད་ལྟ་ཁང་སོགས་བདེ་འཇགས་དོ་དམ་གྱི་བྱ་བར་གཅིག་གྱུར་འཆར་འགོད་བྱས་ཏེ། དོན་རྐྱེན་འབྱུང་བར་སྔོན་འགོག་བྱ་དགོས་པ་དང་། སློབ་གྲྭས་སློབ་མགོ་རྩོམ་སྐབས་དགེ་རྒན་རྣམས་སྔོན་ལ་ལས་གནས་སུ་ལོག་པར་བྱས་ཏེ། དགེ་རྒན་རྣམས་ལ་སྔ་མོ་ནས་སློབ་ཁྲིད་གྲ་སྒྲིག་དང་ཆེད་ལས་གསོ་སྦྱོང་བྱེད་པར་རྩ་འཛུགས་བྱ་དགོས། དེ་མིན་ཕྱོགས་ཡོངས་ནས་སློབ་ཁྲིད་སྒྲིག་ཆས་དག་ལ་ཞིབ་བཤེར་དང་བསླབ་གཞི་དང་དེ་འབྲེལ་གྱི་རྒྱུ་ཆ་སོགས་དུས་ལྟར་ཐོན་པར་མཐུན་སྦྱོར་བྱས་ནས། སློབ་མགོ་རྩོམ་པའི་ཆ་རྐྱེན་ཡོངས་སུ་ཚང་བར་བྱ་དགོས།