ཞི་ཅིན་ཕིང་གིས་དུས་བཅད་ལྟར་ཁུ་པ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཏིས་ཡ་སི་ཁ་ནེ་ཨར་ལ་ཁ་པར་བཏང་།
2020.03.01 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 99

ཟླ་གཉིས་པའི་ཚེས་ཉེར་བརྒྱད་ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དུས་བཅད་ལྟར་ཁུ་པ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཏིས་ཡ་སི་ཁ་ནེ་ཨར་ལ་ཁ་པར་བཏང་།

ཞི་ཅིན་ཕིང་གིས་གསུངས་རྒྱུར། ཏོག་གསར་གློ་ཚད་རིམས་ནད་བྱུང་རྗེས། ཧྲུའུ་ཅི་དང་པོ་ལའོ་ཨར་དང་ཁྱེད་གཉིས་ཀྱིས་གློག་འཕྲིན་བཏང་སྟེ་འཚམས་འདྲི་ཞུས་ཤིང་། ཁྱེད་ཉིད་ད་དུང་ཁུ་པ་ན་ཡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་དུ་སོང་ནས་ཀྲུང་གོར་རྒྱབ་སྐྱོར་བྱེད་རྒྱུའི་ཚུལ་བསྟན་པ་དང་། དེ་ལས་ཀྲུང་གོ་དང་དང་ཁུ་པའི་བར་དུ་སྲོལ་རྒྱུན་མཛའ་བཤེས་ཟབ་མོ་ཆགས་ཡོད་པ་མཚོན་ཡོད། ཁུ་པ་ཕྱོགས་ཀྱིས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ཆེད་ལས་བསམ་འཆར་ལྟར། རྒྱལ་ཁབ་གཉིས་ཀྱི་རྒྱུན་ལྡན་བརྗེ་རེས་མཉམ་ལས་སྲུང་སྐྱོབ་བྱེད་རྒྱུ་རྒྱུན་འཁྱོངས་བྱས་པ་དང་དེ་ནི་ཀྲུང་གོའི་རིམས་ནད་འགོག་བཅོས་ཚོད་འཛིན་བྱ་བར་བརྩི་འཇོག་དང་གཞོགས་འདེགས་བྱས་པ་ཡིན་པས། ཀྲུང་གོ་ཕྱོགས་ཀྱིས་ཁུ་པ་ཕྱོགས་དང་ཁྱེད་རང་ཉིད་ཀྱིས་ཀྲུང་གོ་ཕྱོགས་ཀྱི་རིམས་ནད་འགོག་བཅོས་ཐད་ལ་རྒྱུས་ལོན་དང་རྒྱབ་སྐྱོར་བྱས་པར་གཟེངས་བསྟོད་བྱེད་པ་ཡིན་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། ཏོག་གསར་གློ་ཚད་རིམས་ནད་བྱུང་རྗེས། བདག་གིས་དངོས་སུ་བཀོད་འདོམས་དང་བཀོད་སྒྲིག་བྱས་ཤིང་། རྒྱལ་ཡོངས་གོང་འོག་ཚང་མས་རྡོག་རྩ་གཅིག་སྒྲིལ་བྱས་པ་དང་། ཆེས་ཁྱོན་ཡོངས་དང་ཆེས་གཟབ་ནན། ཆེས་མཐའ་འཁྱོལ་བའི་འགོག་བཅོས་ཚོད་འཛིན་བྱེད་ཐབས་སྤྱད། ང་ཚོས་སྔ་མོ་ནས་རྩད་གཅོད་པ་དང་སྔ་མོ་ནས་ཡར་ཞུ་བྱེད་པ། སྔ་མོ་ནས་ལོགས་སུ་བཀར་བ། སྔ་མོ་ནས་སྨན་བཅོས་བྱེད་པའི་འགོག་བཅོས་ཚོད་འཛིན་གྱི་རེ་བ་དང་ནད་པ་གཅིག་སྡུད་དང་ཆེད་མཁས་པ་གཅིག་སྡུད། ཐོན་ཁུངས་གཅིག་སྡུད་། མྱུར་སྐྱོབ་གཅིག་སྡུད་བཅས་ཀྱི་སྨན་བཅོས་རེ་བ་བཏོན་ནས། ནད་པ་བསྡུ་བ་དང་སྨན་བཅོས་བྱས་ཚད་དང་ནད་པ་དྲག་ཚད། རིམས་ནད་འགོས་ཚད་ཇེ་དམའ་རུ་གཏོང་བ། ནད་པ་ཤི་ཚད་བཅས་མཐོར་འདེགས་སུ་གཏོང་བ་ལས་འགན་གཙོ་བོར་བཞག་ནས་དམ་འཛིན་བྱས། དཀའ་སྤྱད་འབད་བརྩོན་བྱས་པ་བརྒྱུད། མིག་སྔར་རིམས་ནད་འགོག་བཅོས་ཚོད་འཛིན་གནས་བབ་བཟང་ཕྱོགས་སུ་འགྲོ་བཞིན་ཡོད། ང་ཚོར་ཐེངས་འདིའི་རིམས་ནད་འགོག་རྒོལ་ཐད་ནས་རྒྱལ་ཁ་ལེན་པའི་ཆོད་སེམས་བརྟན་པོ་དང་ནུས་པ་ཆེན་པོ་ཡོད་ཟེར།

ཏིས་ཡ་སི་ཁ་ནེ་ཨར་གྱིས་བཤད་རྒྱུར། ཁུ་པ་ཕྱོགས་ཀྱིས་ཀྲུང་གོས་རིམས་ནད་འགོག་བཅོས་ཐད་འབད་བརྩོན་བྱས་པར་གཟེངས་བསྟོད་བྱེད་པར་མ་ཟད་རྦད་ཆོད་སྒོས་རྒྱབ་སྐྱོར་བྱེད་པ་དང་། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་ན་ཡོད་པའི་ཁུ་པའི་སྤྱི་དམངས་ལ་རོགས་རམ་འདོན་སྤྲོད་བྱས་པར་བཀའ་དྲིན་ཆེ་ཞུ་བ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཛ་དྲག་ཆེ་བའི་རིམས་ནད་འགྲན་རྩོད་མདུན་དུ་རྒྱལ་ཁབ་ཀྱི་གོང་འོག་ཚང་མ་མཐུན་སྒྲིག་གཅིག་གྱུར་བྱས་པ་དང་མྱུར་དུ་ནུས་ལྡན་བྱེད་ཐབས་སྤྱད་ནས་ཐོག་མའི་གྲུབ་འབྲས་བླངས་པ་དང་། དེ་ལས་སྟོབས་དང་ལྡན་པའི་རྩ་འཛུགས་སྐུལ་སློང་ནུས་པ་མཚོན་པར་བྱས་ཤིང་། སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་སྟོབས་ཆེན་པོ་མངོན་པར་བྱས་ཡོད། ཁུ་པ་ཕྱོགས་ཀྱིས་ཀྲུང་གོས་དུས་ཡུན་རིང་བོར་ཁུ་པའི་དྲག་བདེན་ལས་དོན་ལ་རྒྱབ་སྐྱོར་དང་ཁུ་པའི་འཕེལ་རྒྱས་འཛུགས་སྐྲུན་ཐད་ལ་རོགས་རམ་བྱས་པར་བཀའ་དྲིན་ཆེ་ཞུས་བར་མ་ཟད་མུ་མཐུད་དུ་ཁུ་པ་དང་ཀྲུང་གོའི་སྲོལ་རྒྱུན་མཛའ་བཤེས་སྲ་བརྟན་དུ་གཏོང་བ་དང་། ཁུ་པ་དང་ཀྲུང་གོའི་བར་འབྲེལ་བ་བཙུགས་ནས་ལོ་དྲུག་ཅུ་ལོན་པར་རྟེན་འབྲེལ་ཞུ་བ་གོ་སྐབས་བཟུང་སྟེ། ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་རྒྱ་བསྐྱེད་པ་དང་གཏིང་ཟབ་ཏུ་སྤེལ་ནས། ཕྱོགས་གཉིས་ཀྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་གཏོང་བ་དང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྐྲུན་འདོད་ཡོད་ཟེར།