ཟླ་གཉིས་པའི་ཚེས་ཉེར་བརྒྱད་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་། ཞིང་ཆེན་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བའི་བཀོད་འདོམས་པུའུ་ཡི་བཀོད་འདོམས་དཔོན་པོ་ལིག་ཉིང་རྒྱལ་སྲིད་སྤྱི་ཁྱབ་ཁང་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བའི་མཛུབ་སྟོན་ཚན་ཆུང་ཉེར་བརྒྱད་པའི་ཟི་ལིང་གི་སྡོད་སར་སོང་ནས། མཛུབ་སྟོན་ཚན་ཆུང་དང་བཞུགས་མོལ་བྱས་ནས། མཉམ་དུ་མཚོ་སྔོན་གྱི་མིག་སྔའི་རིམས་ནད་སྔོན་འགོག་ཚོད་འཛིན་གནས་བབ་ལ་དབྱེ་ཞིབ་བྱས་པ་དང་། གོ་རིམ་རྗེས་མའི་བྱ་བ་བཟང་བོར་བསྒྲུབ་པའི་ཐད་ནས་བསམ་འཆར་བརྗེ་རེས་བྱས།
བཞུགས་མོལ་བྱེད་སྐབས། མཛུབ་སྟོན་ཚན་ཆུང་གིས་མཚོ་སྔོན་དུ་སྡོད་པའི་སྐབས་ཀྱི་བྱ་བའི་གནས་ཚུལ་ངོ་སྤྲོད་བྱས་པ་དང་། མཚོ་སྔོན་ཞིང་ཆེན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བར་ཁས་ལེན་གང་ལེགས་བྱས། མཛུབ་སྟོན་ཚན་ཆུང་གིས་བསྟན་དོན། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་ལྟར། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་གོ་གནས་དང་པོར་འཇོག་པ་དང་། གཅིག་གྱུར་ཕན་མཐོ་ཡི་བཀོད་འདོམས་མ་ལག་འཛུགས་པ། ཚན་རིག་དང་མཐུན་པའི་སྔོན་འགོག་ཚོད་འཛིན་གྱི་མཉམ་ཤུགས་ཆེན་པོ་གྲུབ་པར་བྱེད་པ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་རྒྱལ་ཁ་ལེན་པའི་རྨང་གཞི་བརྟན་པོ་འདིངས་པ། ནད་བརྟག་སྨན་བཅོས་ཀྱི་ནུས་པ་དང་ཆུ་ཚད་མཐོར་འདེགས་གཏོང་བ། སྨན་བཅོས་མི་སྣར་སེམས་ཁུར་བྱེད་པ། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བ་གཉིས་གཅིག་གྱུར་སྒོས་སྤེལ་བས། བྱ་བ་སྣ་ཚོགས་ཐད་ནས་དུས་རིམ་རང་བཞིན་གྱི་གྲུབ་འབྲས་བླངས་པ་དང་། སྨན་བཅོས་མི་སྣ་གཅིག་ལ་ཡང་ཏོག་གསར་གློ་ཚད་མ་འགོས་པ་དང་ནད་རྟགས་ཐག་བཅད་པའི་ནད་པ་གཅིག་ཀྱང་ཚེ་ལས་མ་འདས་ལ། འབྲེལ་འདྲིས་དམ་ཟབ་བྱེད་མཁན་དང་སྔོན་འགོག་ཚོད་འཛིན་ས་ཁུལ་གཙོ་བོ་གཅིག་ཀྱང་མེད་པ་མངོན་འགྱུར་བྱུང་། མཚོ་སྔོན་གྱི་སྨན་བཅོས་འཕྲོད་བསྟེན་མ་ལག་ཉམ་ཆུང་ཡིན་པ་དང་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་དང་སྨན་བཅོས་མི་སྣའི་འགོས་ནད་ལ་ཁ་གཏད་འཇལ་བའི་ནུས་པ་ཅུང་ཞན་ལ། སྒྲིག་ཆས་འཐུས་མི་ཚང་བ་སོགས་ཀྱི་གནས་དོན་ལ་ཁ་གཏད་དེ། མཛུབ་སྟོན་ཚན་ཆུང་གིས་མཚོ་སྔོན་ཞིང་ཆེན་ལ་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གྲོན་དངུལ་གཏོང་ཚད་དང་སྒྲིག་ཆས་བཀོད་སྒྲིག་བྱེད་ཚད་ཆེ་རུ་གཏོང་བ། ཁ་གཏད་རོགས་སྐྱོར་གྱི་ཡུན་ཕན་འཇོན་མིའི་སྐྱེད་སྲིང་རྐྱེན་སྲོལ་འཛུགས་པ་སོགས་བྱེད་པའི་ཐད་ནས་གྲོས་གཞི་བཏོན།
ལིག་ཉིང་གིས་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་མཛུབ་སྟོན་ཚན་ཆུང་ལ་བཀའ་དྲིན་ཞུས། ཁོས་བཤད་རྒྱུར། ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་སྔོན་འགོག་ཚོད་འཛིན་གྱི་གནད་འགག་དུས་སྐབས་སུ། མཛུབ་སྟོན་ཚན་ཆུང་གིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་མཛུབ་སྟོན་བྱ་བ་བཟང་བོར་བསྒྲུབ་རྒྱུ་དེ་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་དུ་བརྩིས་ནས། ས་བབ་མཐོ་ཞིང་དབྱང་དབུགས་དཀོན་པར་མ་འཛེམ་པར། འགན་ནུས་ནན་ཏན་སྒོས་བསྒྲུབས་པ་དང་། གནད་དོན་གྱི་ཁྲིད་ཕྱོགས་དང་ཡུལ་དངོས་སུ་བསྐྱོད་དེ་རྟོག་ཞིབ་བྱེད་པ་རྒྱུན་འཁྱོངས་བྱས་ལ། ཐུན་མོང་གི་རིག་སྟོབས་གཅིག་ཏུ་བསྒྲིལ་བ་དང་ཚན་རིག་དང་མཐུན་པའི་སྒོ་ནས་སྔོན་འགོག་ཚོད་འཛིན་བྱས་ཏེ། མཚོ་སྔོན་གྱིས་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བ་བཟང་བོར་བསྒྲུབ་པའི་ཐད་ནས་ཤུགས་ཡོད་ཀྱི་མཛུབ་སྟོན་དང་རོགས་སྐྱོར་འདོན་སྤྲོད་བྱས། རིམས་ནད་བྱུང་བའི་ཚུན་དུ། མཚོ་སྔོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་མཐའ་གཅིག་ཏུ་ལག་བསྟར་བྱས་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་ཁྱོན་ཡོངས་ནས་ལག་བསྟར་བྱས་ལ། མི་དམངས་གཙོར་འཛིན་པ་དང་འགན་འཁྲི་ཇེ་དྲག་ཏུ་གཏོང་བ། ཁྲིམས་ལྟར་ཚན་རིག་དང་མཐུན་པ་དང་གོ་རིམ་ལྡན་པའི་སྒོ་ནས་འགོག་སྲུང་དང་དོ་དམ་ནན་མོ་བྱེད་པ་རྒྱུན་འཁྱོངས་བྱས་པ་དང་། མཉམ་འགོག་མཉམ་འཛིན་དང་ཀུན་གྱིས་སྔོན་འགོག་ཚོད་འཛིན་བྱས་ལ། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བ་གཉིས་གཅིག་གྱུར་སྤེལ་བས། རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བའི་ཐད་ནས་དུས་རིམ་རང་བཞིན་གྱི་རྒྱལ་ཁ་བླངས་པ་དང་། དཔལ་འབྱོར་སྤྱི་ཚོགས་ཀྱི་སྒྲིག་ལམ་སླར་གསོ་བྱེད་བཞིན་པའི་སྒང་ཡིན། ད་ལྟ། མཚོ་སྔོན་གྱིས་གཙོ་གནད་འབུར་ཐོན་དང་གཅིག་གྱུར་འཆར་འགོད་བྱེད་པ། རིགས་བགར་ནས་མཛུབ་སྟོན་བྱེད་པ་དང་ཁུལ་བགོས་ནས་སྲིད་ཇུས་སྤྱོད་པའི་རེ་བ་ལྟར། རིམས་ནད་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་བབ་ལ་དབྱེ་ཞིབ་ཡང་དག་བྱེད་ཀྱིན་ཡོད་པ་དང་། ཁུལ་དང་རིམ་པ་བགོས་ནས་སྔོན་འགོག་ཚོད་འཛིན་ལག་བསྟར་བྱེད་པ། དམིགས་བསམ་ས་ཁུལ་དང་མི་ཚོགས་གཙོ་བོའི་འགོག་སྲུང་བྱེད་ཐབས་ལ་ཤུགས་སྣོན་པ། བརྟན་བརླིང་ངང་ལས་འགོ་རྩོམ་པ་དང་ཐོན་སྐྱེད་སླར་གསོ་བྱས་ཏེ། ཧུར་ཐག་གིས་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བ་གཉིས་ཐད་ཀྱི་རྒྱལ་ཁ་བརྩོན་ལེན་བྱེད་དགོས། ང་ཚོས་མཛུབ་སྟོན་ཚན་ཆུང་གི་བསམ་འཆར་ལག་བསྟར་ནན་མོ་བྱེད་པ་དང་། མུ་མཐུད་དུ་རིམས་ནད་སྔོན་འགོག་ཚོད་འཛིན་ལ་དམ་འཛིན་ལྷོད་མེད་བྱེད་པ། བཅོས་བསྒྱུར་འཕེལ་རྒྱས་དང་གཏན་འཇགས་ཐད་ཀྱི་ལས་འགན་སྣ་ཚོགས་དམ་འཛིན་བྱེད་པ། བྱ་བའི་གྲུབ་འབྲས་རྒྱུན་མ་ཆད་པར་སྲ་བརྟན་དུ་བཏང་སྟེ། རྒྱལ་ཡོངས་སྤྱི་ཡོངས་ལ་མཚོ་སྔོན་གྱི་བྱས་རྗེས་འཇོག་རྒྱུ་ཡིན་ཟེར།