ཟླ་གསུམ་པའི་ཚེས་གཉིས་ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་ནས་ཏོག་གསར་གློ་ཚད་རིམས་ནད་འགོག་བཅོས་ཚོད་འཛིན་ཚན་ཞིབ་འགོག་རྒོལ་བྱ་བར་གཟིགས་ཞིབ་གནང་བར་གནང་བར་མ་ཟད། ཏང་ཀྲུང་དབྱང་གི་ཚབ་མཛད་དེ་རིམས་ནད་འགོག་བཅོས་ཚོད་འཛིན་ཚན་ཞིབ་འགོག་རྒོལ་འཐབ་ཕྱོགས་དང་པོ་རུ་འབད་འཐབ་བྱེད་བཞིན་པའི་རྒྱ་ཆེའི་ཚན་རྩལ་བྱ་བ་སྒྲུབ་མཁན་ལ་བཀའ་དྲིན་ཆེ་ཞུས་པ་དང་ལྷག་བསམ་རྣམ་དག་སྒོས་འཚམས་འདྲི་ཞུས། ཁོང་གིས་བསྟན་དོན། མིའི་རིགས་ཀྱིས་ནད་རིམས་ལ་འཐབ་རྩོད་བྱེད་པའི་བྱེད་ཐབས་གཙོ་བོ་ནི་ཚན་རིག་ལག་རྩལ་ཡིན་པ་དང་། མིའི་རིགས་རིམས་ནད་ཀྱི་གནོད་འཚེ་ལས་རྣམ་པར་རྒྱལ་དགོས་ན་ཚན་རིག་འཕེལ་རྒྱས་དང་ལག་རྩལ་གསར་སྐྲུན་དང་ཁ་འབྲལ་ཐབས་མེད། ཏོག་གསར་གློ་ཚད་རིམས་ནད་འགོག་བཅོས་ཚོད་འཛིན་འགོག་རྒོལ་བྱ་བ་དེ་དགོས་གལ་ཆེ་བའི་ལས་འགན་ཞིག་ཏུ་བརྩིས་ཏེ། ཚན་རིག་བསླབ་ཚན་མང་པོའི་སྟོབས་ཤུགས་ཕྱོགས་བསྡུས་བྱེད་པ་དང་། གཅིག་གྱུར་སྒོས་འགོ་ཁྲིད་དང་རོགས་ལས་ལ་སྐུལ་འདེད་གཏོང་དགོས་ལ། ཚན་རིག་རང་བཞིན་རྒྱུན་འཁྱོངས་དང་བདེ་འཇགས་རང་བཞིན་འགན་སྲུང་བྱེད་པའི་རྨང་གཞིའི་སྟེང་ཞིབ་བཟོའི་འཕེལ་རིམ་ཇེ་མགྱོགས་སུ་གཏོང་བ་དང་རིམས་ནད་འགོག་རྒོལ་གྱི་གནད་དོན་གཙོ་བོ་མྱུར་དུ་ཐག་བཅད་ནས། རིམས་ནད་འགོག་འགོག་བཅོས་ཚོད་འཛིན་གྱི་མི་དམངས་དམག་འཐབ་དང་སྤྱིའི་དམག་འཐབ། འགོག་རྒོལ་དམག་འཐབ་ལས་རྣམ་པར་རྒྱལ་བར་ཚན་རྩལ་འདེགས་ཤུགས་འདོན་སྤྲོད་བྱེད་དགོས་ཟེར།
ཚེས་གཉིས་ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་ཐོག་མར་དམག་དོན་གསོ་རིག་ཞིབ་འཇུག་ཁང་དུ་ཕེབས་ཏེ་ཞིབ་འཇུག་ཁང་གིས་ཏོག་གསར་གློ་ཚད་རིམས་ནད་འགོག་བཅོས་ཚོད་འཛིན་ཚན་ཞིབ་འགོག་རྒོལ་གྱི་སྤྱིའི་གནས་ཚུལ་ཡར་ཞུ་བྱས་པར་ཉན། ཁོང་གིས་བསྟན་དོན། ནད་པ་དྲག་ཚད་མཐོར་འདེགས་སུ་གཏོང་བ་དང་ནད་པ་ཤི་ཚད་ཇེ་དམའ་རུ་གཏོང་བ། རིམས་ནད་ལས་རྣམ་པར་རྒྱལ་དགོས་ན་གཙོ་བོ་ཚན་རྩལ་ལ་བརྟེན་དགོས་ཟེར། དེར་མཐུད་ནས་ཞི་ཅིན་ཕིང་ཆིན་ཧྭ་སློབ་ཆེན་གསོ་རིག་སློབ་གླིང་དུ་ཕེབས་ཏེ་བྱ་བར་གཟིགས་ཞིབ་གནང་། ཞི་ཅིན་ཕིང་གིས་བསྟན་དོན། ཏོག་གསར་གློ་ཚད་རིམས་ནད་འགོག་བཅོས་འཐབ་རྩོད་ལ་འཐབ་ཕྱོགས་གཉིས་ཡོད་དེ། གཅིག་ནི་རིམས་ནད་འགོག་བཅོས་ཚོད་འཛིན་གྱི་འཐབ་ཕྱོགས་དང་པོ་ཡིན་པ་དང་གཞན་ཞིག་ནི་ཚན་ཞིབ་དང་དངོས་རྫས་ཐོན་སྐྱེད་བྱེད་རྒྱུ་དེ་ཡིན། འཐབ་ཕྱོགས་དེ་གཉིས་ཀྱིས་ཕན་ཚུན་ལ་གཞོགས་འདེགས་དམ་པོ་བྱེད་པ་དང་། དཔུང་བ་མཉམ་གཤིབ་སྒོས་འགོག་རྒོལ་བྱེད་དགོས་ཟེར། མཇུག་མཐར་ཞི་ཅིན་ཕིང་གིས་ཆིན་ཧྭ་སློབ་ཆེན་གསོ་རིག་སློབ་གླིང་དུ་འགོ་འཛིན་མཛད་དེ་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། ཚན་རྩལ་པུའུ་ཡིས་རྒྱལ་ཡོངས་ཀྱི་སྨན་རྫས་དང་འགོག་ཁབ་ཞིབ་བཟོ་བྱ་བའི་གནས་ཚུལ་ཡར་ཞུ་བྱས་པར་ཉན་པ་དང་། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་ནུས་ལྡན་ནད་ཐོག་སྨན་བཅོས་བཀོལ་སྤྱོད་ཉམས་མྱོང་དང་ནུས་ལྡན་སྨན་བཅོས་ཇུས་གཞི་སྤྱི་སྡོམ་དང་ཁྱབ་གདལ་བྱ་བའི་གནས་ཚུལ་ཡར་ཞུ་བྱས་པར་ཉན། ཞི་ཅིན་ཕིང་གིས་ཡར་ཞུ་ལ་ཉན་རྗེས་གསུང་བཤད་གལ་ཆེན་གནང་། ཁོང་གིས་བསྟན་དོན།
རིམས་ནད་བྱུང་རྗེས། རྒྱལ་ཡོངས་ཚན་རྩལ་འཐབ་ཕྱོགས་ཀྱིས་ཧུར་ཐག་སྒོས་ཏང་ཀྲུང་དབྱང་གི་རེ་འབོད་དང་ལེན་བྱས་པ་དང་། འབྲེལ་ཡོད་ལས་ཁུངས་ཀྱིས་ཚན་ཞིབ་འགོག་རྒོལ་ཚན་ཁག་ཏུ་བཙུགས་ནས། ནད་ཐོག་སྨན་བཅོས་མྱུར་སྐྱོབ་དང་སྨན་རྫས་དང་འགོག་ཁབ་ཞིབ་བཟོ། ལག་རྩལ་དང་ཐོན་རྫས་ལ་ཞིབ་བཤེར་ཚད་ལེན་བྱེད་པ་སོགས་འགོག་རྒོལ་ཁ་ཕྱོགས་གཏན་འཁེལ་བྱས་ཤིང་། བསླབ་ཚན་བརྒལ་བ་དང་ཁྱབ་ཁོངས་བརྒལ་བའི་ཚན་ཞིབ་ཚོགས་པ་རྩ་འཛུགས་བྱས་ཏེ། ཚན་ཞིབ་དང་ནད་ཐོག་སྨན་བཅོས། འགོག་སྲུང་བཅས་འཐབ་ཕྱོགས་ཀྱིས་ཕན་ཚུན་ལ་མཐུན་སྦྱོར་བྱས་པ་དང་། ཐོན་སྐྱེད་དང་སློབ་སྦྱོང་། ཞིབ་འཇུག་ཕྱོགས་སོ་སོས་གཞོགས་འདེགས་དམ་པོ་བྱས་མཐར། ཟླ་གཅིག་ལྷག་གི་རིང་ལ་གྲུབ་འབྲས་མངོན་གསལ་ཐོབ་པ་དང་རིམས་ནད་འགོག་བཅོས་ཚོད་འཛིན་བྱ་བར་ཚན་རྩལ་འདེགས་ཤུགས་འདོན་སྤྲོད་བྱས། ཐེངས་འདིའི་འཐབ་རྩོད་ཁྲོད་དུ་རྒྱ་ཆེའི་ཚན་རྩལ་བྱ་བ་སྒྲུབ་མཁན་གྱིས་སྤོབས་པ་ཆེན་པོས་བྱས་རྗེས་འཇོག་པའི་སྤྱོད་ཚུལ་བཟང་བོ་དང་གཟབ་ནན་དངོས་གཉེར་གྱི་ཆེད་ལས་སྙིང་སྟོབས་མངོན་པར་བྱས། དེང་སྐབས་རིམས་ནད་འགོག་བཅོས་ཚོད་འཛིན་གྱི་མི་དམངས་དམག་འཐབ་དང་སྤྱིའི་དམག་འཐབ། འགོག་རྒོལ་དམག་འཐབ་ལས་རྣམ་པར་རྒྱལ་པར་ད་དུང་སྔར་ལས་འབད་བརྩོན་ལྷོད་མེད་བྱེད་དགོས་ཟེར།
ཞི་ཅིན་ཕིང་གིས་བསྟན་དོན། རྒྱལ་གཅེས་འཕྲོད་བསྟེན་འགུལ་སྐྱོད་རྒྱུན་འཁྱོངས་བྱས་ཏེ། མི་སྡོད་ཁོར་ཡུག་ལེགས་བཅོས་དང་བཟའ་བཏུང་གོམས་གཤིས། སྤྱི་ཚོགས་ཀྱིས་སེམས་ཁམས་བདེ་ཐང་། སྤྱི་ཐུན་འཕྲོད་བསྟེན་སྒྲིག་ཆས་སོགས་ཕྱོགས་ཀྱི་བྱ་བ་བཟང་བོར་བསྒྲུབ་པ་དང་། ལྷག་པར་དུ་རི་སྐྱེས་སྲོག་ཆགས་ཁ་ཟས་སུ་སྤྱོད་པའི་གོམས་གཤིས་ངན་པ་གཏན་འགོག་བྱེད་དགོས་ལ། དཔལ་ཡོན་བདེ་ཐང་དང་ལྗང་མདོག་ཁོར་སྲུང་གི་འཚོ་བའི་རྣམ་པ་དར་སྤེལ་བྱེད་དགོས་ཟེར།
ཞི་ཅིན་ཕིང་གིས་བསྟན་དོན། སྤྱི་ཐུན་འཕྲོད་བསྟེན་བདེ་འཇགས་ནི་མིའི་རིགས་ཀྱི་མདུན་དུ་ལྷགས་པའི་ཐུན་མོང་གི་འགྲན་རྩོད་ཡིན་པས། རྒྱལ་ཁབ་སོ་སོས་ལག་རྡང་སྦྲེལ་ཏེ་ཁ་གཏད་འཇལ་དགོས། དེང་སྐབས་ཏོག་གསར་གློ་ཚད་རིམས་ནད་དེ་རྒྱལ་ཁབ་གང་མང་དུ་བྱུང་ཡོད་པས། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དང་མཉམ་དུ་འབྲེལ་འདྲིས་དང་བརྗེ་རེས་བྱེད་དགོས་པ་དང་། འབྲེལ་ཡོད་རྒྱལ་ཁབ་དང་ལྷག་པར་དུ་རིམས་ནད་བྱུང་བ་ཆེས་མང་བའི་རྒྱལ་ཁབ་དང་མཉམ་དུ་རིམས་ནད་འགོག་བཅོས་སྨན་རྫས་དང་འགོག་ཁབ། ཞིབ་བཤེར་ཚད་ལེན་སོགས་ཀྱི་ཚན་ཞིབ་མཉམ་ལས་ལ་ཤུགས་སྣོན་དགོས་ལ། ཚན་ཞིབ་གཞི་གྲངས་དང་ཆ་འཕྲིན་མཉམ་སྤྱོད་བྱེད་པ་དང་ཁ་གཏད་འཐབ་ཇུས་ལ་མཉམ་དུ་ཞིབ་འཇུག་བྱས་ནས། མིའི་རིགས་ཀྱི་ལས་སྐལ་ཕུང་བོ་གཅིག་དྲིལ་ཅན་གསར་སྐྲུན་བྱེད་པར་བློ་གྲོས་དང་སྟོབས་ཤུགས་འདོན་དགོས་ཟེར།