གངས་ལྗོངས་མེ་ལོང་དྲ་བའི་འཕྲིན། “མཚན་མོ་ཞིག་ལ་ང་རང་ལོགས་བཀར་ནད་ཁུལ་དུ་སྨན་བསྐྱལ་བར་སོང་བ་ན། ནད་པ་ཞིག་གིས་ཏག་ཏག་རང་གི་བུ་ཕྲུག་ལ་བརྙན་ལམ་བརྒྱུད་ནས་གླེང་མོལ་བྱེད་ཀྱིན་ཡོད་ཅིང་། བརྙན་ལམ་དུ་བྱིས་པ་དེས་སྙན་ངག་བློར་སྐྱོར་འདུག་པས། བརྩེ་བས་ཁེངས་པའི་རྣམ་པ་འདིས་ང་ལ་བརྗོད་མི་ཤེས་པའི་ཚོར་བ་ཟབ་མོ་ཞིག་སྐྱེས་སུ་བཅུག་སོང”ཞེས་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་མི་དམངས་སྨན་ཁང་གསུམ་པའི་ནད་གཡོག་མ་ཧོ་ཡུང་ལིན་གྱིས་དེ་ལྟར་བཤད་བྱུང་ལ། དོན་དེས་མོ་ལ་བརྗེད་ཐབས་མེད་པའི་བག་ཆགས་ཟབ་མོ་ཞིག་བཞག་སོང་ཟེར།
ད་ལོ་ལོ་ན28ལ་སོན་པའི་ཧོ་ཡུང་ལིན་ནི་ནད་གཡོག་གི་ལས་ཀར་ཞུགས་ནས་ལོ་ངོ་དགུ་འགོར་བ་རེད། ད་སྐབས་ཀྱི་མོ་ལ་མཚོན་ན་ཉམས་མྱོང་ཕུན་སུམ་ཚོགས་པའི་ནད་གཡོག་མ་ཞིག་གྱུར་འདུག ཟླ1པོའི་ཚེས26ཉིན། མོ་རང་ཟི་ལིང་གྲོང་ཁྱེར་མི་དམངས་སྨན་ཁང་གསུམ་པའི་འགོས་ནད་ཚན་ཁག་གི་ལས་མི་ཞིག་ཡིན་པའི་ཆ་ནས། རིམས་འགོག་གི་འཐབ་ཕྱོགས་དང་པོར་བསྐྱོད་པ་རེད།
“སྐབས་དེར་ང་ལ་འཇིགས་སྐྲག་ཅུང་ཙམ་སྐྱེས་བྱུང་མོད། འོན་ཀྱང་ཁྱིམ་མི་རྣམས་ཀྱིས་རྒྱབ་སྐྱོར་བྱས་པས་ང་ལ་སྤོབས་པ་གནང་བྱུང་།སྨན་བཅོས་ལས་དོན་གྱི་བྱ་བ་སྒྲུབ་མཁན་ཞིག་ཡིན་པའི་ཆ་ནས། སྨན་ཁང་དང་རྒྱལ་ཁབ་ལ་སྟོབས་ཤུགས་ཅུང་ཙམ་འབུལ་ཐུབ་སོང་ན། དེ་ནི་ང་རང་གི་གཟི་བརྗིད་ཅིག་ཏུ་རློམ་ཡོད”ཟེར།
ཏོག་གསར་གློ་ཚད་ཀྱི་རིམས་ནད་བྱུང་བ་ནས་བཟུང་། ཟི་ལིང་གྲོང་ཁྱེར་མི་དམངས་གསུམ་པས་ཏོག་གསར་གློ་ཚད་ཀྱི་ནད་པ་གསུམ་ལ་སྨན་བཅོས་བྱས། “ང་ཚོས་འགོག་སྲུང་གི་ལྭ་བ་གྱོན་ནས་ལོགས་བཀར་ནད་ཁུལ་དུ་འགྲོ་བའི་སྐད་ཅིག་མ་དེར། ནད་པའི་མིག་མདངས་ལས་མངོན་པའི་སྐྲག་སྣང་དང་སེམས་ཁྲལ་དེ་མཐོང་བ་ན། རང་གི་སེམས་ནས་ཀྱང་དངངས་འཚུབ་སྐྱེས་སོང་། འོན་ཀྱང་ང་ཚོ་ཕྱིར་སྣུར་གཏན་ནས་བྱ་མི་རུང”ཟེར།
གནད་འགག་གི་དུས་སྐབས་སུ་ཁོ་ཚོ་ནི་ནད་གཡོག་མ་ཁོ་ན་ཞིག་མ་ཡིན་པར་ནད་པའི་ཁྱིམ་མི་ལྟ་བུ་ཡིན་ཏེ། ཟ་མ་ཟ་བའི་དུས་ལ་ཐོན་ན་ཟ་མ་བསྐྱལ་བ་སོགས་ནད་པའི་རྒྱུན་ལྡན་གྱི་འཚོ་བར་བདག་སྐྱོང་བྱེད་པ་ནི་ཧོ་ཡུང་ལིན་གྱིས་ཉིན་རྒྱུན་སྒྲུབ་དགོས་པའི་ལས་ཀ་ཞིག་རེད།
“ཁོ་ཚོ་ནི་ངའི་ཁྱིམ་མི་དང་གྲོགས་པོར་འདྲ་སྟེ། ནད་པའི་བདེ་ཐང་སྲུང་བའི་ལས་འགན་འདི་ཐེག་པར་བྱས་ནས། ཁོ་ཚོའི་ལུས་པོ་སངས་དྲག་ཡོང་བར་ཧུར་ཐག་བྱ་དགོས”ཞེས་ཟེར། མོའི་སེམས་སུ་ནད་དུག་དང་གདོང་གཏོད་པའི་གོ་རིམ་ཁྲོད་ཡིད་རྟོན་ནི་ཆེས་མཆོག་ཏུ་གྱུར་བའི་སྨན་དེ་ཡིན་པས། མོས་ཐབས་བརྒྱ་ཇུས་སྟོང་གིས་ནད་པར་སེམས་གསོ་བྱས་ནས། ཁོ་ཚོར་ཁ་ཏ་དང་སྐུལ་མ་གནང་བ་རེད།
མོས་ལས་རིགས་འདི་གདམ་དགོས་པའི་རྒྱུ་མཚན་གླེང་སྐབས། “ཆུང་དུས་སུ་ངའི་ཕུགས་བསམ་ནི་དམག་མི་ཞིག་བྱས་ཏེ་རྒྱལ་ཁབ་སྲུང་རྒྱུ་དེ་ཡིན། རྗེས་ནས་མོར་ནད་གཡོག་གི་ལས་རིགས་འདིས་ཀྱང་སྔར་བཞིན་རྒྱལ་ཁབ་སྲུང་ཆོག་པའི་སེམས་ཚོར་ཟབ་མོ་ཞིག་སྦྱིན་བྱུང་ཟེར་ལ། སྨན་ཁང་ནི་ང་ཚོའི་འཐབ་ར་ལྟ་བུ་ཡིན། ཆེད་མཁས་པ་ཀྲུང་ནན་ཧྲན་གྱིས་གསོ་རིག་གི་ལས་ཀ་གདམ་པ་ནི་སྟེས་དབང་ཞིག་ཡིན་ཀྱང་སྲིད། འོན་ཀྱང་ཁྱེད་ཀྱིས་ལས་རིགས་འདི་ཉིད་བདམས་ཚེ། ངེས་པར་མི་ཚེ་ཧྲིལ་བོར་ལྷག་བསམ་དང་བརྩེ་སེམས་ཁེངས་པའི་ངང་ལས་སྒོ་དེར་འཇུག་དགོས་ཞེས་བཤད་པ་ནང་བཞིན་རེད”ཟེར།
ནད་གཡོག་ཚན་ཆུང་གི་འགོ་བ་ཡིན་པའི་ཆ་ནས། ཧོ་ཡུང་ལིན་གྱིས་ཉིན་རྒྱུན་ནད་ཁུལ་གྱི་ཟིན་ཐོ་དང་དུག་སེལ་གྱི་གནས་ཚུལ་ལ་ལྟ་དགོས་ལ། སྨན་བཅོས་མི་སྣར་ལྟ་ཞིབ་བྱས་ནས་འགོས་ནད་འགོག་སྲུང་གི་འགན་འཁུར་དགོས།
“ནམ་རྒྱུན་ནད་པའི་ཁམས་སོས་ཏེ་སྨན་ཁང་ལས་འབུད་པའི་སྐབས་ནི་ང་རང་དགའ་སྣང་ཆེས་ཆེ་བའི་དུས་ཡིན་ཞིང་། ལས་རིགས་འདིས་ང་ལ་གཞན་དང་མི་མཚུངས་པའི་སྟོབས་ཤུགས་གསར་བ་ཞིག་བསྩལ་བྱུང”ཟེར།
ལོ་ན27ལ་སོན་པའི་སྐྱེས་སྐར་གྱི་ཉིན་དེར། ཧོ་ཡུང་ལིན་གྱིས་རང་གིས་རང་ལ་ལེགས་སྐྱེས་ཁྱད་པར་བ་ཞིག་གནང་། དེ་ནི་དབང་བོ་ཞལ་འདེབས་སུ་འབུལ་བའི་དང་བླངས་པར་ཐོ་འགོད་བྱས་པ་དེ་རེད། “གསོན་པའི་དུས་སུ་སྨན་ཁང་ལས་ཧུར་བསྐྱེད་འབད་འཐབ་བྱེད་པ་དང་། འཆི་བའི་རྗེས་སུ་སྔར་བཞིན་རྒྱལ་ཁབ་ལ་བྱས་རྗེས་རེ་འཇོག་ཐུབ་རྒྱུ་ནི་མོའི་རེ་བ་ཡིན་ཟེར། ཤེས་མེད་ཚོར་མེད་ཀྱི་ངང་ནས་མི་ཚེ་བསྐྱལ་བ་ལས་དོན་སྙིང་ལྡན་པའི་ལས་རེ་བསྒྲུབས་རྒྱུ་ནི་ཧ་ཅང་གལ་ཆེན་ཞིག་རེད”ཟེར། མི་ཞིག་ཕལ་བ་ཞིག་གིས་འདི་ལྟར་བློ་ཐག་གཅོད་རྒྱུ་ནི་ཧ་ཅང་དཀའ་མོ་ཞིག་ཡིན་མོད། འོན་ཀྱང་ཧོ་ཡུང་ལིན་ལ་མཚོན་ན་ཐེ་ཚོམ་སྤུ་ཚམ་ཡང་སྐྱེས་མ་མྱོང་།