ཟླ་གསུམ་པའི་ཚེས་གཉིས་ཉིན། སུའེ་ཙེར་གྱི་རི་ནེ་ཝ་ནས། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཐན་ཏི་སེ་ཉིན་དེའི་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་རྒྱུན་སྲོལ་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུར་ཞུགས།
འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཐན་ཏི་སེ་ཡིས་ཚེས་གཉིས་ཉིན་བཤད་རྒྱུར། མིག་སྔར་ཧན་གོ་དང་དབྱི་ཐཱ་ལེ། དབྱི་ལིང་། འཇར་པན་བཅས་ཀྱི་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་དེ་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་དོ་སྣང་ཆེས་ཆེར་བྱེད་པའི་གནད་དོན་དུ་གྱུར་ཡོད་ཟེར།
ཐན་ཏི་སེ་ཡིས་ཉིན་དེར་རྒྱུན་སྲོལ་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ཏོག་དབྱིབས་ནད་དུག་གསར་བ་ཀྲུང་གོའི་ཕྱི་ཕྱོགས་ནས་མཆེད་པའི་གནས་ཚུལ་ལ་དོ་སྣང་བྱེད་དགོས་པ་དང་། མིག་སྔར་ཀྲུང་གོ་མ་གཏོགས་པའི་རྒྱལ་ཁབ་རེ་གཅིག་ནས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ལ་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོས་པའི་ནད་པ་སྟོང་བརྒྱ་དང་བདུན་བརྒྱ་སོ་དགུ་སྙན་ཞུ་བྱས་ཡོད་ལ། དེའི་ནང་བརྒྱ་ཆའི་གྱ་གཅིག་ནི་ཧན་གོ་དང་དབྱི་ཐཱ་ལེ། དབྱི་ལིང་། འཇར་པན་བཅས་ནས་ཡོང་བ་རེད་ཟེར།
ཐན་ཏི་སེ་ཡིས་བཤད་རྒྱུར། གོང་སྨྲས་རྒྱལ་ཁབ་དེ་དག་ཏུ་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོས་པའི་ནད་པ་ཅུང་མང་ཡང་། ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོག་བཅོས་ཚོད་འཛིན་བྱེད་ཐུབ་ངེས་ཡིན་ཟེར། ཁོས་རྒྱལ་ཁབ་སོ་སོས་བྱེད་ཐབས་ནུས་ལྡན་སྤྱད་དེ་རིམས་ནད་འགོག་བཅོས་བྱེད་དགོས་པའི་འབོད་སྐུལ་བཏང་།
ལོ་ཙཱ་བ། བསོད་ནམས་ཚེ་རིང་།