ཟླ་3པའི་ཚེས་4ཉིན། ཧྲིང་ཀྲང་གཞོན་པ། ཞིང་ཆེན་རིམས་ནད་སྔོན་འགོག་ཚོད་འཛིན་བཀོད་འདོམས་པུའུ་ཡི་བཀོད་འདོམས་དཔོན་པོ་གཞོན་པ་ཁོང་ཡུང་གིས་ཞིང་ཆེན་རིམས་ནད་སྔོན་འགོག་ཚོད་འཛིན་ཐག་གཅོད་ལས་དོན་བཀོད་འདོམས་པུའུ་ཡི་ཆེད་མཁས་པའི་བློ་འདྲི་བཞུགས་མོལ་ཚོགས་འདུར་འགོ་འཛིན་བྱས་ནས་ཞིང་ཆེན་ཡོངས་ཀྱི་ཏོག་གསར་གློ་ཚད་དང་དེ་བཞིན་གཙོ་གནད་མིན་པའི་སྔོན་འགོག་ཚོད་འཛིན་ས་ཁུལ་གྱི་ཉེན་ཁ་དཔྱད་དཔོག་གནས་ཚུལ་ཐད་ནས་བརྡ་ཁྱབ་བཏང་བ་དང་། ཆེད་མཁས་པའི་བསམ་འཆར་དང་གྲོས་གཞི་ལ་ཉན།
ཁོང་ཡུང་གིས་བསྟན་དོན། མཚོ་སྔོན་ཞིང་ཆེན་དུ་བསྟུད་མར་ཉིན་28རིང་གསར་དུ་འཕར་བའི་ནད་དཔེ་མེད་པ་དང་། ཞིང་ཆེན་ཡོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་རྣམ་པ་རྒྱུན་མཐུད་ཇེ་ལེགས་སུ་ཕྱིན་པ། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ལ་སྤྱི་འདོམས་བྱས་པར་དགེ་མཚན་ལྡན་པའི་ཕན་འབྲས་ཐོབ་ཡོད་མོད། འོན་ཀྱང་ཐོག་མཐའ་བར་གསུམ་དུ་རིམས་ནད་ལ་དོགས་ཟོན་ཆེན་པོ་བྱེད་པ་དང་། ཕྱི་ནས་ནང་དུ་ཁྱབ་པར་སྔོན་འགོག་དང་ནང་ཁྱབ་སྔོན་འགོག་གི་ལས་དོན་མུ་མཐུད་དུ་ཡག་པོར་སྒྲུབ་པ། མཚོ་སྔོན་ཞིང་ཆེན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་རྐང་འཛུགས་པ། ཞིང་ཆེན་ནང་ཁུལ་གྱི་ཁེ་ལས་ལས་འགོ་བསྐྱར་འཛུགས་དང་སློབ་གྲྭ་སློབ་འགོ་ཚུགས་པའི་སྒྲིག་ལམ་གོ་རིམ་ལྡན་པའི་ངང་སླར་གསོ་བཅས་བྱས་ནས་མང་ཚོགས་ཀྱི་རྒྱུན་གཏན་གྱི་ཐོན་སྐྱེད་དང་འཚོ་བར་འགན་ལེན་བྱེད་དགོས་ཟེར།
ཁོང་ཡུང་གིས་ནན་གྱིས་བསྟན་དོན། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ལྷག་པར་དུ་ཕྱི་འགོག་དེ་མིག་སྔའི་ཞིང་ཆེན་ཡོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་འགན་ཨང་དང་པོར་བརྩིས་ནས་གཙོ་གནད་ཁུལ་རིགས་ལྔ་དང་གཙོ་གནད་མི་ཚོགས་རིགས་བཞི་ལ་དམིགས་ཏེ་རིམས་ནད་ལྟ་ཞིབ་ཚད་ལེན་ལ་མུ་མཐུད་དུ་ཤུགས་སྣོན་རྒྱག་པ་དང་། གཞིས་ཁུལ་དང་གྲོང་གསེབ་ཀྱི་སྔོན་འགོག་ཚོད་འཛིན་གྱི་འགག་སྒོ་དམ་འཛིན་ཡག་པོ་བྱེད་པ། མཉམ་འགོག་མཉམ་འཛིན་གྱི་ལམ་སྲོལ་ལ་ཤུགས་སྣོན་རྒྱག་པ། ཁུལ་བགོས་རིམ་དབྱེ་དང་གནད་སྨིན་སྔོན་འགོག་ཚོད་འཛིན་བཅས་བྱས་ནས་རིམས་ནད་ཀྱི་སྨུག་རྡུལ་མགྱོགས་མྱུར་ངང་སེལ་ཐུབ་པ་བྱེད་དགོས། སྨན་ཁང་སོ་སོ་དང་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱིས་འབྲེལ་ཡོད་ལས་དོན་ལྷོད་གཡེང་གཏན་ནས་གཏོང་མི་རུང་བ་དང“སོ་ལྟ་ཁང་དང་པོའི”ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་འབད་བརྩོན་ལྷོད་མེད་ཀྱིས་མི་དམངས་མང་ཚོགས་ཀྱི་བདེ་འཇགས་ལ་སྲུང་སྐྱོང་བྱེད་དགོས་ཟེར།