ཟླ་གསུམ་པའི་ཚེས་གསུམ་ཉིན། ཀྲུང་དབྱང་ཏོག་གསར་གློ་ཚད་རིམས་ནད་འགོག་བཅོས་བྱ་བའི་འགོ་ཁྲིད་ཚན་ཆུང་གིས་རིམས་ནད་འགོག་བཅོས་ཚོད་འཛིན་འཐབ་ཕྱོགས་དང་པོའི་གྲོང་གསེབ་གཞིས་ཁུལ་གྱི་བྱ་བ་སྒྲུབ་མཁན་ལ་སེམས་ཁུར་དང་གཅེས་སྐྱོང་བྱེད་པའི་བྱེད་ཐབས་ཁྱོན་ཡོངས་ནས་དངོས་འབེབས་བྱེད་པའི་སྐོར་གྱི་བརྡ་ཐོ་འགྲེམ་སྤེལ་བྱས།
བརྡ་ཐོ་ལས་བསྟན་དོན། ཏོག་གསར་གློ་ཚད་རིམས་ནད་བྱུང་རྗེས། རྒྱ་ཆེའི་གྲོང་གསེབ་གཞིས་ཁུལ་གྱི་བྱ་བ་སྒྲུབ་མཁན་གྱིས་རིམས་ནད་འགོག་བཅོས་ཚོད་འཛིན་འཐབ་ཕྱོགས་དང་པོ་རུ་སྤོབས་པ་ཆེན་པོས་འབད་འཐབ་བྱས་ནས། རིམས་ནད་རྒྱ་ཡན་དུ་འགྲོ་བ་གཏན་འགོག་བྱེད་པའི་ཐད་ལ་བྱས་རྗེས་གལ་ཆེན་བཞག རྒྱ་ཆེའི་གྲོང་གསེབ་གཞིས་ཁུལ་གྱི་བྱ་བ་སྒྲུབ་མཁན་གྱིས་དཀའ་ཁག་ལ་མི་འཛེམ་པར་སྤོབས་པ་ཆེན་པོས་མདུན་སྐྱོད་བྱེད་པར་སྐུལ་འདེད་གཏོང་ཆེད། བརྡ་ཐོའི་ནང་རིམས་ནད་འགོག་བཅོས་ཚོད་འཛིན་འཐབ་ཕྱོགས་དང་པོའི་གྲོང་གསེབ་གཞིས་ཁུལ་གྱི་བྱ་བ་སྒྲུབ་མཁན་ལ་སེམས་ཁུར་དང་གཅེས་སྐྱོང་བྱེད་པའི་ཐད་ལ་ཕྱོགས་བརྒྱད་ཀྱི་བྱེད་ཐབས་བཏོན། གཅིག རིམས་ནད་འགོག་བཅོས་ཚོད་འཛིན་དུས་སྐབས་སུ་ས་གནས་ཀྱིས་འཐབ་ཕྱོགས་དང་པོའི་གྲོང་གསེབ་གཞིས་ཁུལ་གྱི་བྱ་བ་སྒྲུབ་མཁན་ལ་འོས་འཚམ་གྱི་བྱ་བའི་ཁ་གསབ་སྟེར་དགོས། གཉིས། གྲོང་གསེབ་གཞིས་ཁུལ་གྱི་བྱ་བ་སྒྲུབ་མཁན་ལ་རིམས་ནད་འགོག་བཅོས་ཚོད་འཛིན་དུས་སྐབས་སུ་དོན་རྐྱེན་དང་ཡང་ན་ནད་ཕོག་ཚེ་ཁྲིམས་ལྟར་གཞུང་དོན་དུ་དོན་རྐྱེན་བྱུང་བར་ཁས་ལེན་བྱེད་དགོས། གསུམ། རིམས་ནད་འགོག་སྲུང་ཆ་རྐྱེན་ལེགས་བཅོས་བྱེད་དགོས། བཞི། ཁུར་བོ་དང་གནོན་ཤུགས་ཇེ་ཡང་དུ་གཏོང་དགོས། ལྔ། རེས་སྐོར་ངལ་གསོ་དང་ངལ་གསོ་ཁ་གསབ་སོགས་ཀྱི་རྣམ་པ་སྤྱད་དེ་གྲོང་གསེབ་གཞིས་ཁུལ་གྱི་བྱ་བ་སྒྲུབ་མཁན་གྱིས་དུས་ཐོག་ཏུ་ངལ་གསོ་བྱེད་ཐུབ་པར་བྱེད་དགོས། དྲུག གཅེས་སྐྱོང་དང་འཚམས་འདྲི་བྱེད་པར་ཤུགས་སྣོན་དགོས། བདུན། གཟེངས་བསྟོད་དང་བསྟོད་བསྔགས་བྱ་འགུལ་སྤེལ་དགོས། བརྒྱད། གྲོང་གསེབ་གཞིས་ཁུལ་གྱི་སྔོན་ཐོན་བྱ་བ་སྒྲུབ་མཁན་དྲིལ་སྒྲོག་བྱེད་པའི་ཤུགས་ཚད་ཇེ་ཆེར་གཏོང་དགོས་པ་བཅས་རེད།
བརྡ་ཐོ་ལས་བསྟན་དོན། ས་གནས་སོ་སོ་དང་ལས་ཁུངས་སོ་སོས་རྦད་ཆོད་སྒོས་གོང་གི་སྲིད་ཇུས་དང་བྱེད་ཐབས་དངོས་འབེབས་བྱེད་པ་དང་། གྲོང་གསེབ་གཞིས་ཁུལ་གྱི་བྱ་བ་སྒྲུབ་མཁན་ལ་སེམས་ཁུར་དང་གཅེས་སྐྱོང་བྱས་ནས། རིམས་ནད་མཉམ་འགོག་མཉམ་འཛིན་དང་མང་ཚོགས་ཀྱི་མཉམ་འགོག་མཉམ་འཛིན་གཞིས་ཁུལ་གྱི་འགོག་སྲུང་འཛིང་རགས་གཏན་སྲུང་བྱེད་པར་སྟོབས་ལྡན་འགན་སྲུང་འདོན་སྤྲོད་བྱེད་དགོས་ཟེར།