ཟླ་གསུམ་པའི་ཚེས་གཉིས་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའ་ཧྲུའུ་ཅི་ཝང་ཅན་ཅུན་དང་ཧྲིན་ཀྲང་ལིག་ཉིང་གིས་ཞིང་ཆེན་ཚན་རྩལ་ཐིན་གྱིས་གློ་ཚད་ཀྱི་རིམས་ནད་གསར་པར་འཕྲལ་སྒྲུབ་ཀྱི་ཚན་རྩལ་ཆེད་དོན་ལས་གཞི་མགྱོགས་མྱུར་ལག་བསྟར་བྱས་ནས། ཚན་རིག་ཞིབ་འཇུག་མཁྲེགས་གཏོར་བྱེད་ཐབས་ལ་ཁས་ལེན་བྱས་པ་དང་འབྲེལ་ཏེ་ལས་ཀར་བླང་བྱ་བཏོན། ཧྲིན་ཀྲང་གཞོན་པ་ཀྲང་ལིས་ཀྱིས་བླང་བྱ་ཞིབ་ཕྲ་བཏོན།
ཝང་ཅན་ཅུན་གྱིས་བསྟན་དོན། རིམས་ནད་ལ་ཁ་གཏད་གཅོག་པར་བློ་ཁོག་ཆེན་པོས་ཚོད་དཔག་དང་དཔང་རྟགས་འཚོལ་དགོས་པས། ཞིང་ཆེན་ཚན་རྩལ་ཐིན་གྱི་ལས་དོན་ལ་སྔོན་མཐོང་རང་བཞིན་ཆེན་པོ་ལྡན། དགོས་མཁོ་ཡོད་པའི་དབང་གིས་རིམས་ནད་འགོག་བཅོས་ཐད་ཚན་རྩལ་གྱི་སྟོབས་ཤུགས་ལེགས་སྐྱེས་སུ་ཧུར་ཐག་སྒོས་ཕུལ་བར་ཁས་ལེན་གང་ལེགས་བྱེད་དགོས། གཤམ་གྱི་དགོས་མཁོར་བསྟུན་དགོས་ལ། སྔོན་ཚུད་ནས་བཀོལ་སྤྱོད་ཀྱང་བྱས་ཏེ་རང་རེའི་ཞིང་ཆེན་གྱི་ཚན་རྩལ་ཤེས་ལྡན་མི་སྣ་དང་ཐོན་ཁུངས། བློ་གྲོས་བཅས་སྔོག་འདོན་བྱས་ནས་སྤྱི་ཚོགས་ཡོངས་ལ་བྱས་རྗེས་འཇོག་དགོས་ཟེར། ཀྲང་ལིས་ཀྱིས་བསྟན་དོན། རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་ཞིང་ཆེན་ཚན་རྩལ་ཐིན་གྱིས་རང་འགུལ་ངང་འགན་འཁྲི་འཁུར་བ་དང་རང་འགན་གཙང་སྒྲུབ་བྱས་པས། དེ་བསྟུན་གྱི་ལས་གཞིར་དམིགས་སའི་རང་བཞིན་དང་དངོས་ཕན་རང་བཞིན་ཆེན་པོ་ལྡན་ཡོད། ནན་ཏན་གྱིས་ཉམས་མྱོང་ཕྱོགས་སྡོམ་དང་ལག་བསྟར་དམ་འཛིན་བྱེད་རྒྱུ་དང་། ལམ་ལུགས་དང་ཡུན་ཕན་ལམ་ལུགས་ཆགས་པར་བྱས་ནས། ཞིབ་འཇུག་གི་གྲུབ་འབྲས་སྔར་ལས་མང་བ་ཐོབ་པར་བྱེད་དགོས་ཟེར།
ཤེས་གསལ་བྱུང་བ་ལྟར་ན། གློ་ཚད་རིམས་ནད་བྱུང་བ་ནས་བཟུང་། ཞིང་ཆེན་ཚན་རྩལ་ཐིན་གྱིས་ཚན་རྩལ་སྡེ་ཁག་གི་ལེགས་ཆ་འདོན་སྤེལ་བྱས་ནས། གློ་ཚད་གསར་པ་སྔོན་འགོག་ཚོད་འཛིན་གྱི་འཕྲལ་སྒྲུབ་ཚན་རྩལ་ཆེད་དོན་ལས་གཞི་མགྱོགས་མྱུར་སྒྲིག་འཛུགས་དང་ལག་བསྟར་བྱས་པ་དང་། ཞིང་ཆེན་ནང་ཁུལ་གྱི་ཚན་རིག་ཞིབ་འཇུག་སྟོབས་ཤུགས་སྒྲིག་འཛུགས་བྱས་ནས། ཚན་རིག་ཞིབ་འཇུག་མཁྲེགས་གཏོར་བྱས་པ། ཞིབ་འཇུག་གི་རྨང་གཞི་ལྡན་པ་དང་། དུས་ཚོད་ཀྱི་ནུས་པ་ཆེ་བ། བེད་སྤྱོད་མྱུར་མོ་ཐུབ་པ་བཅས་ཀྱི་འཕྲལ་སྒྲུབ་ཚན་རིག་ཞིབ་འཇུག་ལས་གཞི་བདུན་ཐོག་དང་པོར་བཙུགས་ནས། འགྲོ་གྲོན་སྒོར་ས་ཡ་བཞི་བཏང་སྟེ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་ལེན་ཆེད་ཚན་རྩལ་གྱི་འདེགས་སྐྱོར་མཁོ་འདོན་བྱས་པ་རེད། ཚན་རིག་ཞིབ་འཇུག་ཚོགས་པས་འབད་བརྩོན་བྱས་པ་བརྒྱུད་དེ། མིག་སྔར་ཚན་རིག་ཞིབ་འཇུག་ལས་དོན་ལ་དུས་རིམ་རང་བཞིན་གྱི་འཕེལ་རྒྱས་བྱུང་ཡོད།
བན་དེ་སྐྱབས་ཀྱིས་བསྒྱུར།