ཟླ་གསུམ་པའི་ཚེས་བཞི་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལིག་ཉིང་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མིན་ཡོན་ཧོས་རིགས་རང་སྐྱོང་རྫོང་དུ་སོང་ནས་རིམས་ནད་སྔོན་འགོག་ཚོད་འཛིན་དང་ལས་འགོ་བསྐྱར་རྩོམ། ཐོན་སྐྱེད་སླར་གསོ། དཔྱིད་དུས་ཀྱི་སློབ་འགོ་ཚུགས་པའི་བྱ་བ་བཅས་ལ་རྟོག་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན། མི་སྣའི་གསོ་སྦྱོང་དང་ལས་རྐང་སྦྱོང་བརྡར། ཁོར་ཡིག་བཅོས་སྐྱོང་བཅས་བྱ་འགུལ་ལ་ཟུང་འབྲེལ་བྱས་ནས། འགན་འཁྲི་ལྔ་གཏན་ཁེལ་གསལ་བོ་བྱེད་པ་དང་། གཟིགས་སྐྱོང་གསུམ་ལག་བསྟར་བྱེད་པ་དང་མཉམ་ལས་གསུམ་ཇེ་དྲག་ཏུ་གཏོང་བ། རིམས་པ་སོ་སོ་དང་རིགས་མི་འདྲ་བའི་སློར་གྲྭའི་སློབ་འགོ་རྩོམ་པའི་བྱ་བ་བརྟན་བརླིང་ངང་བསྒྲུབ་ནས། རྒྱ་ཆེའི་དགེ་སློབ་རྣམས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་ལ་འགན་སྲུང་བྱེད་དགོས་ཟེར།
ཟླ་གསུམ་པའི་ཚེས་དགུ་ཉིན་ནས་ཚེས་བཅུ་གསུམ་ཉིན་བར། མཚོ་སྔོན་ཞིང་ཆེན་གྱི་མཐོ་འབྲིང་དཀྱུས་མ་དང་འབྲིང་རིམ་ལས་རིགས་སློབ་གྲྭ་འཕྲོ་རིམ་འཕྲོར་སློབ་འགོ་ཚུགས་རྒྱུ་ཡིན་པ་དང་། སློབ་འགོ་ཚུགས་པའི་སྔོན་གྱི་རིམས་ནད་སྔོན་འགོག་གྲ་སྒྲིག་བྱ་བ་ནན་ཏན་སྒོས་སྒྲུབ་བཞིན་པའི་སྒང་རེད། ལིག་ཉིང་མཚོ་བྱང་ཁུལ་མཐོ་རིམ་སློབ་འབྲིང་གཉིས་པར་སོང་ནས། སློབ་ཁང་དང་ཟ་ཁང་། ཉལ་ཁང་སོགས་ལ་ཡུལ་དངོས་ལྟ་ཞིབ་བྱས་པ་དང་། སློབ་གྲྭ་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་ཐབས་ལག་བསྟར་བྱས་པའི་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས། ལིག་ཉིང་གིས་ནན་གྱིས་བསྟན་དོན། མཚོ་སྔོན་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཉེན་ཁ་ཆུང་བའི་ས་ཁུལ་དང་རྒྱལ་ཡོངས་ཀྱི་སྔོན་དུ་སློབ་འགོ་ཚུགས་པའི་ཞིང་ཆེན་ཡིན་པའི་ཆ་ནས། ངེས་པར་དུ་ཚན་རིག་དང་མཐུན་པ་དང་གོ་རིམ་ལྡན་པའི་སྒོ་ནས་སློབ་འགོ་ཚུགས་པ་དང་བདེ་འཇགས་ངང་སློབ་ཁྲིད་བྱེད་རྒྱུ་དེ་མིག་སྔའི་བྱ་བའི་གལ་ཆེན་ནང་གི་འགངས་ཆེན་དུ་བརྩིས་ཏེ། ཕྱོགས་སོ་སོའི་གྲ་སྒྲིག་དོ་དམ་བྱ་བ་བཟང་བོར་བསྒྲུབ་པ་དང་། འདུས་ཚོགས་རང་བཞིན་གྱི་རིམས་འགོས་དོན་རྐྱེན་མི་བྱུང་བར་བྱེད་དགོས། མཉམ་འགོག་མཉམ་འཛིན་ལ་ཤུགས་སྣོན་པ་དང་། ཁོངས་གཏོངས་ས་ཆ་དང་སྡེ་ཁག སློབ་གྲྭ དགེ་རྒན་དང་ཁྱིམ་བདག་གི་འགན་འཁྲི་གཏན་ཁེལ་གསལ་བོ་བྱེད་པ། འགོག་སྲུང་དངོས་རྫས་དང་སྨན་བཅོས་འཕྲོད་བསྟེན་སྟོབས་ཤུགས། འགྲིམ་འགྲུལ་ཁྲིམས་འཛིན་འགན་སྲུང་བཅས་ཐད་ནས་ཆེད་དུ་གཟིགས་སྐྱོང་བྱས་ནས། དགེ་རྒན་དང་སྲིད་གཞུང་སྡེ་ཁག སློབ་མའི་ཁྱིམ་བདག སློབ་གྲྭའ་མཐའ་འཁོར་བར་གྱི་མཉམ་ལས་ལ་ཤུགས་སྣོན་དགོས། ལས་རེས་ལས་སྲུང་ལ་ཤུགས་སྣོན་པ་དང་། ཇུས་གཞི་ཞིབ་མོ་གཏན་འབེབས་བྱེད་པ་དང་འཕྲལ་བསྟུན་སྦྱོང་བརྡར་སྤེལ་བ། དྲོད་འཇལ་སྒྲིག་ཆས་བཟང་བོ་སྤྱད་དེ་དགེ་སློབ་རྣམས་ཀྱི་ལུས་དྲོད་འཇལ་བའི་མྱུར་ཚད་ཇེ་མཐོར་གཏོང་དགོས། སློབ་འགོ་ཚུགས་རྗེས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་སློབ་ཁྲིད་དང་པོ་བཟང་བོར་བྱས་ནས། བདེ་ཐང་ཤེས་བྱ་ཁྱབ་གདལ་དུ་གཏོང་བ་དང་། དགེ་སློབ་རྣམས་ཀྱི་སེམས་ཁམས་རོགས་ཁྲིད་ལ་དོ་སྣང་བྱེད་པ། རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་བཟང་བོར་སྤེལ་དགོས། ཁྱིམ་བདག་ནི་སློབ་མའི་འགན་འཁྲི་མི་སྣ་དང་པོ་ཡིན་པ་དང་། ཁྱིམ་ཚང་ནང་ཁུལ་ནས་ནད་འགོས་སླ་བས། ཁྱིམ་བདག་ཚོས་ངེས་པར་དུ་བྱིས་པར་བདག་སྐྱོང་བཟང་བོ་བྱེད་པ་དང་མིག་དཔེ་བཟང་བོ་བྱེད་པ། རང་སྟེང་གི་འགོག་སྲུང་འདུ་ཤེས་མཐོར་འདེགས་གཏོང་བ། གཙང་སྦྲའི་གོམས་སྲོལ་བཟང་བོ་ཆགས་པར་བྱས་ཏེ། བྱིས་པ་བདེ་ཐང་དང་སྤྲོ་སྐྱིད་ལྡན་པའི་ངང་འཚར་ལོངས་འབྱུང་བར་ཆ་རྐྱེན་བསྐྲུན་བཟང་བོ་བསྐྲུན་དགོས་ཟེར།
མིན་ཡོན་རྫོང་ཞིང་ལས་ཐོན་སྐྱེད་རྒྱུ་ཆས་ཀུང་ཟི་དང་ཡུང་ཞིན་སྐྱེ་ཁམས་ཞིང་ཕྱུགས་གསར་སྤེལ་ཚད་ཡོད་ཀུང་ཟི། མཱ་ལེན་རྩྭ་ལས་ཚད་ཡོད་ཀུང་ཟི། ཆོན་ཁུག་ཧི་ཧྲུན་སྔོ་ཚལ་རྟེན་གཞི་བཅས་སུ་ལིག་ཉིང་གིས་དཔྱིད་ཀའི་རྨ་འདེབས་ཀྱི་གྲ་སྒྲིག་དང་ཞིང་ལས་རྒྱུ་ཆས་གསོག་ཉར། ཁེ་ལས་ཀྱི་ལས་འགོ་བསྐྱར་རྩོམ་དང་ཐོན་སྐྱེད་སླར་གསོ་བྱེད་པ། ཞིང་ཕྱུགས་ཐོན་ལས་འཕེལ་ རྒྱས་སུ་གཏོང་བ་སོགས་ཀྱི་གནས་ཚུལ་ལ་རྟོག་ཞིབ་གསལ་བོ་བྱས། རྟོག་ཞིབ་བྱེད་སྐབས། ལིག་ཉིང་གིས་བསྟན་དོན། ལས་འགོ་བསྐྱར་རྩོམ་དང་ཐོན་སྐྱེད་སླར་གསོ་བྱས་རྗེས་ཀྱི་སྔོན་འགོག་ཚོད་འཛིན་བྱེད་ཐབས་སྣ་ཚོགས་ལག་བསྟར་ནན་མོ་བྱེད་པ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔྱིད་ཀའི་རྨ་འདེབས་ཐོན་སྐྱེད་བྱ་བ་བཟང་བོར་བསྒྲུབ་པ། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་བྱ་བ་སྣ་ཚོགས་ལ་དམ་འཛིན་བྱེད་པ། གཏན་འཇགས་དྲུག་གི་བྱེད་ཐབས་ཇེ་དྲག་ཏུ་གཏོང་བ། ལྷག་པར་དུ་ཞིང་ལས་རྒྱུ་ཆས་ཁེ་ལས་ཀྱིས་ཁྱོན་ཡོངས་ནས་ལས་འགོ་བསྐྱར་རྩོམ་དང་ཐོན་སྐྱེད་སླར་གསོ་བྱས་ནས། ཞིང་ལས་རྒྱུ་ཆས་མཁོ་འདོན་ལ་འགན་སྲུང་བྱེད་དགོས་ཟེར།
ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། མཚོ་བྱང་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་ཉི་མ་སྒྲོལ་མས་མཉམ་དུ་རྟོག་ཞིབ་བྱས།
རིན་ཆེན་མཚོས་བསྒྱུར།