ཝང་ཅན་ཅུན་གྱིས་འགོ་འཛིན་བྱས་ཏེ་མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས།
2020.03.07 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 20

ཟླ་གསུམ་པའི་ཚེས་དྲུག་ཉིན་གྱི་སྔ་དྲོ། མཚོ་སྔོན་ཞིང་ཆེན་ཏང་ཨུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས་ཤིང་། ཚོགས་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་གསར་ཤོས་ཀྱི་བླང་བྱ་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཏེ། རང་རེའི་ཞིང་ཆེན་གྱི་ལག་བསྟར་དོན་འཁྱོལ་བྱེད་ཐབས་ལ་ཞིབ་འཇུག་དང་འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་གྱིས་གྲོས་ཚོགས་ལ་འགོ་འཛིན་བྱས།

གྲོས་ཚོགས་ལས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་བརྡར་ཤ་གལ་ཆེན་བཅད་པ་དེ། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གཅིག་གྱུར་བཀོད་འདོམས་བྱེད་པའི་རྩ་བའི་གཞི་འཛིན་སར་བརྩིས་ནས། བྱ་སྤྱོད་མཐའ་དག་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་འདོམས་ལ་ཉན་དགོས། དངོས་ཐོག་བདེན་འཚོལ་རྒྱུན་འཁྱོངས་དང་། བྱ་བ་གང་བྱེད་དོན་དངོས་དང་བསྟུན་རྒྱུ་རྒྱུན་འཁྱོངས། རིམས་ནད་ཕྱི་ནས་ཡོང་བ་འགོག་པ་དང་ནང་ནས་ཁྱབ་པ་མེད་པར་གཏོང་བའི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ། རིམས་ནད་ནང་ནས་ཁྱབ་པ་སྔོན་འགོག་བྱེད་པའི་འགན་འཁྲི་ཇེ་དམ་དུ་གཏོང་བ། ས་ཁོངས་གཞན་ནས་རིམས་ནད་མཆེད་པའི་བརྒྱུད་ལམ་འགག་སྲུང་དམ་པོ་བྱེད་པ། རིམས་ནད་བསྐྱར་དུ་མི་འབྱུང་བའི་མཐའ་ཚད་སྲུང་བ་བཅས་བྱེད་དགོས། ཞིང་ཆེན་སྲིད་གཞུང་གིས་བཏོན་པའི་ཁེ་ལས་འབྲིང་གྲས་དང་ཆུང་གྲས། ཆེས་ཆུང་གྲས་བཅས་ཀྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་དང་ལས་གཞི་གལ་ཆེན་གྱི་ལས་འགོ་བསྐྱར་རྩོམ་བྱེད་ཐབས་ཉེར་བདུན་པ་དང་དེ་བཞིན་ཁ་གསབ་གཏན་འབེབས་ཉེར་གཉིས་པ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ཡོངས་དམ་འཛིན་ཡག་པོ་བྱེད་དགོས། འཐབ་ས་དང་པོའི་སྨན་བཅོས་མི་སྣ་དང་གཞིས་ཁུལ་གྱི་ལས་བྱེད་པ། དགེ་རྒན། སྤྱི་བདེའི་ལས་བྱེད་ཉེན་རྟོག་པ། བཟོ་པ། ཞིང་པ། མི་སྒེར་བཟོ་ཚོང་ཁྱིམ་ཚང་། དཀའ་ངལ་ཡོད་པའི་མང་ཚོགས་བཅས་ཀྱི་ཐུགས་ཁུར་དང་གཅེས་སྐྱོང་ལས་དོན་ཏན་ཏིག་བསྒྲུབས་ནས། ཁོང་ཚོར་ཁ་ཚ་དགོས་གཏུགས་དང་དངོས་ཡོད་ཀྱི་ཞིབ་ཕྲའི་གནད་དོན་ཐག་གཅོད་བྱེད་རོགས་བྱས་ཏེ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་མི་དམངས་དམག་འཁྲུག་དང་སྤྱི་ཡོངས་ཀྱི་དམག་འཐབ། འགོག་རྒོལ་དམག་འཐབ་བཅས་ལ་རྒྱལ་ཁ་ལེན་ཆེད་སྤྱི་ཚོགས་ཀྱི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་དགོས། ཕྱོགས་ལྷུང་ཞིག་གིས་ཕྱོགས་ལྷུང་གཞན་ཞིག་གཡོ་འགེབས་བྱེད་པའི་གནས་ཚུལ་གཏན་འགོག་བྱེད་རྒྱུ་དང་། སྔོན་འགོག་དང་ཚོད་འཛིན་ལ་ཁ་གཡར་ནས་ལས་དོན་གཞན་གཉེར་རིགས་ལ་ཁས་ལེན་གཏན་ནས་མི་སྟེར་བ། གཙོ་འགན་འཁུར་མཁན་གྱིས་འགན་འཁུར་ཕོད་པ་དང་འགན་འཁྲི་འཁུར་ཕོད་པ། ཀུན་གྱི་སྣེ་ཁྲིད་དེ་བཀོད་འདོམས་དང་ནུས་ཤུགས་གང་ཡོད་འདོན་པ། མིག་སྔར་སྒྲུབ་བཞིན་པའི་ལས་དོན་ཁག་དམ་འཛིན་བྱ་གཞིར་བྱེད་པ་བཅས་བྱས་ནས་ལས་དོན་ཡག་པོ་བསྒྲུབ་རྒྱུར་དམ་འཛིན་བྱེད་པ་དང་། གཏན་འཁེལ་བྱས་པའི་ལས་དོན་ལ་རིམ་པ་བཞིན་སྐུལ་འདེད་བཏང་སྟེ་ཕྱོགས་གང་ཅིའི་ཐད་ཀྱི་ལས་དོན་ལ་ཚད་མཐོའི་འགན་འཁུར་ནས་དམ་འཛིན་ཡག་པོ་བྱེད་དགོས་ཟེར།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། སློབ་འགོ་རྩོམ་པ་ནི་རྒྱུན་གཏན་གྱི་འཚོ་བའི་སྒྲིག་ལམ་སླར་གསོ་བྱེད་པའི་མཚོན་རྟགས་གལ་ཆེན་ཞིག་ཡིན་ཞིང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཚན་རིག་དང་མཐུན་པའི་ཞིབ་འཇུག་བརྡར་གཅོད་དང་རྗེས་དཔག་དབྱེ་ཞིབ། གྲ་སྒྲིག་གང་ལེགས། བཀོད་སྒྲིག་ཞིབ་ཚགས་བཅས་བྱས་པའི་རྨང་གཞིའི་ཐོག་ད་ལོའི་དཔྱིད་དུས་སློབ་དུས་ཀྱི་མཐོ་རིམ་སློབ་འབྲིང་དང་དམའ་རིམ་སློབ་འབྲིང་དང་འབྲིང་རིམ་ལས་རིགས་སློབ་གྲྭའི་རིམ་དབྱེ་རིགས་དབྱེའི་ཡན་ལག་ས་ཁུལ་དང་། མཐོ་དུས་རིམ་གསུམ་གྱི་དུས་མཚམས་འཛོལ་བ། རོང་འབྲོག་ཁུལ་དང་གྲོང་ཁུལ་དུ་གོ་རིམ་ལྡན་པའི་ངང་སློབ་འགོ་རྩོམ་པའི་ཐབས་ཇུས་བཏོན་པ་རེད། སློབ་གྲྭའི་སློབ་འགོ་རྩོམ་པའི་གྲ་སྒྲིག་ལས་དོན་ཁག་ཧུར་ཐག་དང་གཟབ་ནན་ངང་ཡག་པོ་བསྒྲུབས་ཏེ་ཁོངས་གཏོགས་ས་ཆ་དང་། སྡེ་ཁག སློབ་གྲྭ དགེ་རྒན། ཁྱིམ་བདག་བཅས་ཀྱི་འགན་འཁྲི་མཐའ་གཅིག་ཏུ་ཇེ་དམ་དུ་གཏོང་བ་དང་། ནུས་ཤུགས་ཡོད་རྒུས་རིམས་འགོག་དངོས་ཟོག་དང་། སྨན་བཅོས་ཀྱི་ཐོན་ཁུངས། འགན་སྲུང་གི་རྒྱུ་རྐྱེན་གཙོ་བོ་བཅས་སློབ་གྲྭར་ཕྱོགས་པར་བྱེད་པ། སྡེ་ཁག་དང་ཁྱིམ་བདག སློབ་གྲྭ་བཅས་ཀྱི་མཐའ་འཁོར་དང་སློབ་གྲྭའི་དབར་གྱི་མཉམ་ལས་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། སློབ་མས་བདེ་འཇགས་དང་བློ་བདེའི་ངང་ནས་སློབ་སྦྱོང་བྱེད་ཐུབ་པར་འགན་ལེན་བྱེད་དགོས། སློབ་མ་ཕྱིར་སྐྱོད་ཀྱི་བདེ་འཇགས་དང་བཟའ་བཏུང་གི་བདེ་འཇགས། སློབ་གྲྭའི་ཕྱི་ནང་གི་ཁོར་ཡུག་བདེ་འཇགས་བཅས་ལ་འགན་ལེན་བྱས་ནས། འགོག་སྲུང་གི་མཁོ་ཆས་ལ་སེམས་ཁྲལ་མི་བྱེད་པ་དང་། དུག་སེལ་གྱི་སྒྲིག་བཀོད་ལ་སེམས་ཁྲལ་མི་བྱེད་པ། གནས་ཚུལ་ཐོན་ཚེ་དུས་ཐོག་ཏུ་སྐྱོབ་བཅོས་བྱེད་པར་སེམས་ཁྲལ་མི་བྱེད་པ་བཅས་བྱས་ནས། སློབ་མས་རང་ཉིད་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་། དགེ་རྒན་གྱིས་མིག་དཔེ་ཡག་པོ་སྟོན་པ། སློབ་གྲྭའི་དོ་དམ་ཞབས་ཞུ་ཞིབ་ཚགས་བྱེད་པ་བཅས་ལ་ལྟ་སྐུལ་བྱེད་དགོས། མཐོ་རིམ་སློབ་གྲྭའི་མཐོ་རིམ་ལས་རིགས་དང་སློབ་ཆུང་གི་བུ་བཅོལ་ཁང་། དམིགས་བསལ་སློབ་གྲྭ་བཅས་སློབ་འགོ་རྩོམ་པའི་སློབ་ཁྲིད་དུས་ཚོད་དེ་སློབ་གསོ་པུའུ་ཡི་བླང་བྱ་དང་རིམས་ནད་འཕེལ་རྒྱས་ཀྱི་དུས་བབ་གཞིར་བཟུང་ནས་ལོགས་སུ་གཏན་འཁེལ་བྱ་རྒྱུ་ཡིན་ཟེར།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། དོན་དག་གལ་ཆེན་ཏང་ཀྲུང་དབྱང་ལ་དགོངས་སྐོར་སྙན་སེང་ཞུ་རྒྱུ་ནི་འདུ་ཤེས་བཞི་དང་ཡིད་རྟོན་བཞི་སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་། སྲུང་སྐྱོབ་བྱེད་དགོས་པ་གཉིས་བཟང་བོར་བསྒྲུབ་པའི་མཚོན་ཚུལ་གལ་ཆེན་ཞིག་རེད། ཀྲུང་གོ་གུང་ཁྲན་ཏང་གི་གལ་ཆེའི་གནད་དོན་སྐོར་གྱི་སྙན་ཞུའི་སྲོལ་ཡིག་ཅེས་པ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། གལ་ཆེའི་གནད་དོན་སྐོར་གྱི་སྙན་ཞུ་དེ་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་བླང་བྱ་གལ་ཆེན་ཞིག་ཏུ་བརྩིས་ནས། ཡར་ཞུ་བྱེད་དགོས་པ་དག་ངེས་པར་དུ་ཡར་ཞུ་བྱེད་དགོས་པ་དང་སྙན་སྒྲོན་ཞུ་དགོས་རིགས་ངེས་པར་དུ་སྙན་སེང་ཞུ་ཐུབ་པ་བྱེད་དགོས། འབྱུང་རྩ་ནས་དམ་འཛིན་དང་བརྒྱུད་རིམ།མཇུག་འབྲས་བཅས་དམ་འཛིན་བྱེད་པ་དང་། དོན་དག་གལ་ཆེན་སྙན་སེང་ཞུ་བའི་བརྒྱུད་རིམ་འཐུས་ཚང་དུ་གཏོང་བ། འབྱུང་རྩ་དང་བརྒྱུད་རིམ། གྲུབ་འབྲས་བཅས་གཅིག་གྱུར་བྱེད་པ། འབྱུང་རྩ་ནས་ཚད་ལྡན་དུ་གཏོང་བ་དང་བརྒྱུད་རིམ་ཁྲོད་ཤུགས་སྣོན་རྒྱག་པ། གྲུབ་འབྲས་ལ་བརྟེན་ནས་ཞིབ་བཤེར་བྱེད་པ་བཅས་བྱས་ནས། ཏང་ཀྲུང་དབྱང་གི་སྲིད་དོན་གལ་ཆེན་པོའི་བྱེད་ཕྱོགས་དང་ཐབས་ཇུས་བཀོད་སྒྲིག་མཚོ་སྔོན་དུ་དོན་འཁྱོལ་ཐུབ་པར་འགན་ལེན་བྱེད་དགོས། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས་བཅས་ཀྱིས་དོན་དག་གལ་ཆེན་དགོངས་སྐོར་སྙན་སེང་ཞུ་བའི་ལས་དོན་ཡག་པོ་བསྒྲུབ་དགོས་ཟེར།

གྲོས་ཚོགས་ལས་ད་དུང་ཞིང་ཆེན་ཏང་ཨུའི་ཏང་འཛུགས་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཉིས་སྟོང་ཉི་ཤུ་ལོའི་ལས་ཀའི་གཙོ་གནད་ཅེས་པ་དང་ཉིས་སྟོང་བཅུ་དགུ་ལོའི་ཞིང་ཆེན་ཏང་ཨུས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་བྱས་ཚུལ་གྱི་སྙན་ཞུ་ཞེས་པར་གྲོས་ཞིབ་བྱས་པ་ལས་གཞན། ཉིས་སྟོང་བཅུ་དགུ་ལོའི་ལོ་ཧྲིལ་བོའི་ཞིང་ཆེན་ཡོངས་ཀྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་གྱི་རང་བདག་འགན་འཁྲི་དང་ལྟ་སྐུལ་འགན་འཁྲི་དཔྱད་ཞིབ་བྱས་ཚུལ་གྱི་སྙན་ཞུར་ཉན་པར་མ་ཟད། ལས་རིམ་གཞན་དག་ལའང་ཞིབ་འཇུག་བྱས།

བན་དེ་སྐྱབས་ཀྱིས་བསྒྱུར།