ཁོང་ཡུང་གིས་ཕྱི་རྒྱལ་ནས་མཚོ་སྔོན་དུ་ཡོང་བའི་མི་སྣའི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱས།
2020.03.07 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 38

ཟླ་3པའི་ཚེས་6ཉིན། ཧྲིན་ཀྲང་གཞོན་པ། ཞིང་ཆེན་རིམས་ནད་སྔོན་འགོག་ཚོད་འཛིན་ཐག་གཅོད་ལས་དོན་བཀོད་འདོམས་པུའུ་ཡི་བཀོད་འདོམས་དཔོན་པོ་གཞོན་པ་ཁོང་ཡུང་ཟི་ལིང་མེ་འཁོར་འབབ་ཚིགས་དང་ཟི་ལིང་ཚའོ་ཅ་པའོ་གནམ་གྲུ་ཐང་དུ་བསྐྱོད་དེ་ས་ཁོངས་ཕྱི་རོལ་གྱི་མཚོ་སྔོན་དུ་ཡོང་བའི་མི་སྣ་དང་ ཕྱིར་མཚོ་སྔོན་དུ་ལོག་མཁན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱེད་སྐབས་རིམས་ནད་དེ་མངའ་ཁོངས་ཕྱིར་རྒྱུན་མཐུད་ངང་མཆེད་པའི་ཁྱད་ཆོས་གསར་པ་དང་འགྱུར་ལྡོག་གསར་པར་དམིགས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དོགས་ཟོན་རང་བཞིན་ཆེ་རུ་གཏོང་བ་དང་། དུས་ཐོག་ཏུ་དེ་མཚུངས་ཀྱི་རིམས་ནད་སྔོན་འགོག་གི་ཐབས་ཇུས་དང་བྱེད་ཐབས་ལེགས་སྒྲིག་བྱེད་པ། ཆ་འཕྲིན་བསྡུ་རུབ་མཉམ་སྤྱོད་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་ས་ཁོངས་ཕྱི་རོལ་གྱི་མཚོ་སྔོན་དུ་ཡོང་བ་དང་ཕྱིར་མཚོ་སྔོན་དུ་ལོག་མཁན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ཕྱོགས་ཡོངས་ནས་ཡག་པོ་བསྒྲུབས་ཏེ་ས་ཁོངས་ཕྱི་རོལ་གྱི་རིམས་ནད་ནང་འདྲེན་གྱི་ཉེན་ཁ་ནན་འགོག་བྱེད་དགོས་པ་ནན་བཤད་བྱས།

ཁོང་ཡུང་སྔ་རྗེས་སུ་ཟི་ལིང་མེ་འཁོར་འབབ་ཚུགས་དང་། ཟི་ལིང་ཚའོ་ཅ་པའོ་གནམ་གྲུ་ཐང་གི་ས་ཁོངས་ནང་འཛུལ་བགྲོད་ལམ་དང་། ནད་ཡམས་བརྟག་ཞིབ་ས་ཚིགས། བརྒྱུད་འདྲེན་བྱེད་ཡུལ་སོགས་སུ་ཕེབས་ཏེ་ཡུལ་དངོས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་དོན་འཁྱོལ་བྱས་ཚུལ་ལ་ལྟ་ཞིབ་བྱས་པ་དང་འབྲེལ་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་དང་པོར་འབད་འཐབ་བྱེད་པའི་འཕྲོད་བསྟེན་བདེ་ཐང་དང་། སྤྱི་བདེ། ཕྱི་དོན། མཐའ་མཚམས་ཞིབ་བཤེར། གནམ་ཐང་། ལྕགས་ལམ་སོགས་སྡེ་ཁག་གི་ལས་དོན་མི་སྣར་འཚམས་འདྲི་དང་ཐུགས་རྗེ་ཆེ་ཞུས། ཁོས་ནན་གྱིས་བསྟན་དོན། མིག་སྔའི་ཕྱི་ནས་མཆེད་པ་སྔོན་འགོག་དང་ལྷག་པར་དུ་ཕྱི་རྒྱལ་གྱི་རིམས་ནད་ནང་དུ་མཆེད་པ་གཏན་འགོག་བྱ་རྒྱུ་ནི་རང་ཞིང་གི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་གྱི་གལ་ཆེའི་ནང་གི་འགངས་ཆེན་ཡིན་པས། འབྲེལ་ཡོད་སྡེ་ཁག་སོ་སོས་འགན་ནུས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ས་ཁོངས་ཕྱིའི་མཚོ་སྔོན་དུ་ཡོང་བ་དང་ཕྱིར་མཚོ་སྔོན་དུ་ལོག་པའི་མི་སྣའི་ཆ་འཕྲིན་དུས་ཐོག་ཏུ་ཕྱོགས་ཡོངས་ནས་ཤེས་རྟོགས་ཡང་དག་བྱེད་པ་དང་། ཆ་འཕྲིན་མཉམ་སྤྱོད་ལ་ཤུགས་སྣོན་རྒྱག་པ། བརྒྱུད་སྐྱེལ་ཐབས་ལམ་ཤར་གཏོང་ཐུབ་པ་བཅས་བྱས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་རང་འགུལ་དབང་ཆ་སྟངས་འཛིན་ནན་མོ་བྱེད་དགོས། ས་ཁོངས་དོ་དམ་གྱི་རྩ་དོན་གཞིར་བཟུང་ནས་མཚོ་སྔོན་དུ་ཡོང་བའི་མི་སྣ་དང་ཕྱིར་མཚོ་སྔོན་དུ་ལོག་པའི་གཙོ་གནད་མི་སྣའི་བདེ་འཇགས་བརྒྱུད་འདྲེན་དང་། ལོགས་སུ་བཞག་ནས་ལྟ་ཞིབ། རྗེས་འདེད་དམ་ཟབ། བདེ་ཐང་དོ་དམ་སོགས་ཀྱི་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་དགོས། མངའ་ཁོངས་ཕྱིའི་རིམས་ནད་ཀྱི་དུས་བབ་ལ་དོ་ཁུར་དམ་ཟབ་བྱེད་པ་དང་ལས་ཀའི་འཕེལ་རིམ་དུས་ཐོག་ཏུ་ཁོང་དུ་ཆུད་པར་བྱས་ཏེ་རིམས་ནད་ནང་འདྲེན་གྱི་ཉེན་ཁར་ཚན་རིག་དང་མཐུན་པའི་སྒོ་ནས་བརྡར་ཤ་གཅོད་པ་དང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་སྟབས་བསྟུན་ལེགས་སྒྲིག་བྱེད་དགོས་ཟེར།

                    ཤ་བོ་གསེར་མཚོས་སྒྱུར།