ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་དང་ཧྲིན་ཀྲང་ལིའུ་ཉིང་གིས་ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ཁེ་ལས་པ་དང་འཛུགས་སྐྲུན་པར་བསྐུར་བའི་འཕྲིན།
2020.03.07 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 44

ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ཁེ་ལས་པ་དང་འཛུགས་སྐྲུན་པར་བསྐུར་བའི་འཕྲིན་ཡིག་ཅིག

རྒྱ་ཆེ་བའི་ཁེ་ལས་པ་དང་འཛུགས་སྐྲུན་པ་གྲོགས་པོ་རྣམ་པ།

བདེ་མོ་ཡིན་ནམ།

བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་འོག་ཏུ།མིག་སྔར་རྒྱལ་ཡོངས་ཀྱི་ཏོག་གསར་གློ་ཚད་རིམས་ནད་འགོག་སྡོམ་གྱི་གནས་བབ་དགེ་མཚན་ལྡན་པར་བཟང་ཕྱོགས་སུ་འཕེལ་བའི་རྣམ་པ་རྒྱ་ཇེ་ཆེར་འགྲོ་བཞིན་ཡོད་པ་དང་།རང་ཞིང་གི་རིམས་ནད་འགོག་སྡོམ་བྱ་བར་ཡང་དུས་རིམ་རང་བཞིན་གྱི་གྲུབ་འབྲས་ཐོབ་ནས།གཙོ་གནད་འགོག་སྡོམ་ས་ཁུལ་མེད་པར་བྱས་ལ།ཞིང་ཆེན་ཡོངས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཉམ་འགོག་མཉམ་སྡོམ་རྐྱེན་སྲོལ་གྱིས་ཉེན་ཁ་ཆུང་བའི་ས་ཁུལ་དུ་བཞག་ཡོད།ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཕྱོགས་བསྡུས་ཞིབ་འཇུག་བརྡར་གཅོད་གྱི་རྨང་གཞིའི་སྟེང་།ཐོལ་བྱུང་སྤྱི་ཐུན་འཕྲོད་བསྟེན་དོན་རྐྱེན་ཚབས་ཆེན་གྱི་ཟློག་རིམ་ཡང་བཞི་བ་རུ་མར་ཕབ་པ་དང་།ས་ཁུལ་དང་རིམ་པ་དགར་བའི་ཁྱད་པར་ཅན་གྱི་འགོག་སྡོམ་སྲིད་ཇུས་ལག་བསྟར་བྱས་ལ།ཞིང་ཆེན་ཡོངས་ཀྱི་ཐོན་སྐྱེད་འཚོ་བའི་སྒྲིག་ལམ་མྱུར་དུ་སླར་གསོ་བྱུང་བ་དང་།ཁེ་ལས་ཀྱི་ལས་ཐོན་སླར་གསོའི་སྤྱིའི་ཁོར་ཡུག་བསྟུད་མར་བཟང་ཕྱོགས་སུ་འཕེལ་བཞིན་ཡོད།

དཔལ་འབྱོར་སྤྱི་ཚོགས་ནི་འགུལ་རྣམ་འཁོར་སྐྱོད་མ་ལག་ཅིག་ཡིན་ལ།དུས་ཚོད་རིང་བོར་འགུལ་མཚམས་འཇོག་མི་རུང་བས།ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ལས་ཐོན་སླར་གསོ་ལ་ཧ་ཅང་མཐོང་ཆེན་གནང་ནས།ནུས་པ་ཆེན་པོ་ལྡན་པའི་སྲིད་ཇུས་བྱེད་ཐབས་རབ་དང་རིམ་པ་སྤྱད་ཡོད།ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ལས་ཐོན་སླར་གསོའི་བྱ་བ་དམ་པོར་བཟུང་ནས།ཆེད་དུ་ཞིང་ཆེན་ཁེ་ལས་དང་ལས་གཞི་གལ་ཆེན་བསྐྱར་ཚུགས་འགོ་ཁྲིད་ཚན་ཆུང་བཙུགས་པ་དང་།ཁེ་ལས་ཀྱི་ལས་ཐོན་སླར་གསོ་དང་ལས་གཞི་གལ་ཆེན་གྱི་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་བྱེད་ཐབས27དང་ཁ་གསབ་གཏན་འཁེལ22བཏོན་ཞིང་།ས་ཁུལ་དང་སྡེ་ཁག་སོ་སོར་ལས་འགན་ནན་དཀྲི་བྱས་ལ།12345ཞབས་ཞུའི་ཁ་པར་དང་།ལས་ཐོན་སླར་གསོའི་ཞབས་ཞུ་དྲ་བ།དེའི་སྐད་འཕྲིན་སྤྱི་སྟེགས་བཅས་ཕྱེས་ཏེ།སྲིད་ཇུས་དྲིལ་སྒྲོག་འགྲེལ་ཀློག་བྱེད་ཤུགས་ཇེ་ཆེར་བཏང་བ་དང་།སྲིད་ཇུས་ལག་བསྟར་གྱི་བཀག་རྒྱ་གཏོར་ལ།མང་ཚོགས་དང་སྲིད་གཞུང་བར་དུ་འབྲེལ་གཏུག་མཉམ་འབྲེལ་དང་གནད་དོན་ཡར་ཞུ།དཀའ་ངལ་ཐག་གཅོད་བཅས་ཀྱི་འབྲེལ་ཟམ་བཙུགས་པས།ཞིང་ཆེན་ཡོངས་ཀྱི་ལས་ཐོན་སླར་གསོའི་བྱ་བ་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གི་སྐུལ་འདེད་ཆེན་པོའི་འོག་གོ་རིམ་ལྡན་པར་སྒྲུབ་བཞིན་ཡོད།

ཁེ་ལས་ནི་ལས་ཐོན་སླར་གསོའི་གཙོ་གཞི་ཡིན་པ་དང་།ལས་གཞི་ནི་ལས་ཐོན་སླར་གསོའི་གནད་འགག་ཡིན་ལ།འཛུགས་སྐྲུན་པ་ནི་ལས་ཐོན་སླར་གསོའི་གཙོ་ཤུགས་ཡིན་པ་དང་།འཚོ་ཚིས་འཚོ་བ་ནི་ཚང་མའི་ཐུན་མོང་གི་རེ་འདུན་ཡིན་པས།ཁྱོད་ཚོས་ཁེ་ལས་པའི་སྙིང་སྟོབས་དར་སྤེལ་གཏོང་བ་དང་།ལས་ཐོན་སླར་གསོའི་མཁྲེགས་གཏོར་དམག་འཐབ་ལས་རྣམ་པར་རྒྱལ་བའི་ཡིད་ཆེས་ཇེ་བརྟན་དུ་བཏང་སྟེ།འགོག་སྡོམ་གྱི་བྱ་བ་སྣ་ཚོགས་ལེགས་པོར་སྒྲུབ་པ་དང་མཉམ་དུ།ས་གནས་དང་ཁེ་ལས།མི་སྣ་བཅས་ཀྱི་གནས་བབ་ལ་བསྟུན་ནས་ཐོན་སྐྱེད་ཚོང་གཉེར་བཟང་བོར་བཟུང་ནས།བདེ་འཇགས་ཐོན་སྐྱེད་མཚམས་མི་འཇོག་པ་དང་།ཚད་གཞི་སྣ་ཚོགས་ཇེ་དམའ་རུ་མི་གཏོང་བར།སྟོབས་ཤུགས་ཡོད་རྒུས་ཐོན་སྐྱེད་གཏན་འཇགས་སུ་གཏོང་བ་དང་།བསམ་ཕྱོགས་གསར་སྐྲུན་གྱིས་ཕྱིར་འཚོང་གཏན་འཇགས་སུ་གཏོང་བ།གནད་ཕིགས་སྦྲེལ་མཐུད་ཀྱིས་དངུལ་གཏོང་གཏན་འཇགས་སུ་གཏོང་བ།སེམས་པ་གཅིག་མཐུན་གྱིས་དཔུང་སྡེ་གཏན་འཇགས་སུ་གཏོང་བ་བཅས་བྱས་ནས།ཁེ་ལས་འཕེལ་རྒྱས་ལ་ཁ་ལོ་བརྟན་པོར་བསྒྱུར་ཏེ།སེམས་ཤུགས་གཅིག་སྒྲིལ་གྱིས་ཁེ་ལས་ཀྱི་དོན་དག་བཟང་བོར་བསྒྲུབ་རྒྱུ་ནི་རེ་བ་ཡིན།

ཁེ་ལས་པ་དང་འཛུགས་སྐྲུན་པ་གྲོགས་པོ་རྣམ་པ།ཡལ་མི་སྲིད་པའི་དགུན་ཁ་ཞིག་མེད་ལ་སླེབ་མི་སྲིད་པའི་དཔྱིད་ཀ་ཞིག་ཀྱང་མེད།ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་ནི་ནམ་ཡང་ཁེ་ལས་འཕེལ་རྒྱས་ཀྱི་རྒྱབ་རྩ་བརྟན་པོ་ཡིན་པས།ནུས་པ་ཆེས་ཆེན་པོ་དང་འབད་བརྩོན་ཆེས་ཆེན་པོས་ཁེ་ལས་ཀྱི་ལས་ཐོན་སླར་གསོར་རྒྱབ་སྐྱོར་བྱེད་ངེས།ང་ཚོས་གནོན་ཤུགས་སྒུལ་ཤུགས་སུ་བསྒྱུར་བ་དང་ཉེན་ཁ་གོ་སྐབས་སུ་བསྒྱུར་ནས།སེམས་པ་གཅིག་མཐུན་གྱིས་ཕྱུར་བ་གྲུ་འདེགས་དང་ལག་གདང་མཉམ་སྦྲེལ་གྱིས་དཀའ་ངལ་མཉམ་སེལ་བྱས་ཏེ།མགྱོགས་མྱུར་ནུས་ཡོད་ཀྱི་འགུལ་སྐྱོད་ལས་མཚོ་སྔོན་མཐོ་སྒང་གི་འཕེལ་རྒྱས་ཀྱི་བསྐལ་བ་བཟང་བོ་བསུ།

ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི།ཝང་ཅན་ཅུན་དང་།

མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲིན་ཀྲང་།ལིའུ་ཉིང་གིས།

2020ལོའི་ཟླ3པའི་ཚེས6ཉིན།


ཕྱུག་ལོས་བསྒྱུར།