རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་ནོར་སྲིད་བློན་ཆེན་དང་ཀྲུང་དབྱང་དངུལ་ཁང་གི་མགོ་བ་ཡིས་ཉེ་སྔོན་ནོར་སྲིད་དང་དངུལ་ལོར་བྱེད་ཐབས་འོས་འཚམ་སྤྱད་དེ། ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོག་བཅོས་བྱེད་པ་དང་དཔལ་འབྱོར་འཕར་སྣོན་ལ་གནོད་པ་མི་ཐེབས་པར་སྲུང་སྐྱོབ་བྱེད་རྒྱུ་ཁས་ལེན་བྱས།
རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་ནོར་སྲིད་བློན་ཆེན་དང་ཀྲུང་དབྱང་དངུལ་ཁང་གི་མགོ་བ་ཡིས་ཚེས་དྲུག་ཉིན་གྱི་དགོང་མོར་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་སོ་ཏི་ཨ་རབ་ཀྱིས་མཉམ་འབྲེལ་གསལ་སྒྲོག་སྤེལ་ཏེ། རྒྱལ་ཁབ་སོ་སོས་རིམས་ནད་འགོག་བཅོས་དང་ནད་པར་གསོ་བཅོས་བྱེད་པའི་བྱེད་ཐབས་སྤྱོད་པར་རྒྱབ་སྐྱོར་བྱེད་པ་དང་། རྒྱལ་ཁབ་སོ་སོས་བཏོན་པའི་དཔལ་འབྱོར་ལ་རྒྱབ་སྐྱོར་བྱེད་པའི་བྱེད་ཐབས་དང་འཆར་གཞི་ལ་དགའ་བསུ་བྱེད་བཞིན་ཡོད་ཟེར།
གསལ་སྒྲོག་ལས་བཤད་རྒྱུར། ཁོ་ཚོས་སྔར་ལས་འགུལ་སྐྱོད་ནུས་ལྡན་སྤྱོད་རྩིས་ཡོད་པ་དང་། དེའི་ནང་ནོར་སྲིད་དང་དངུལ་ལོར་བྱེད་ཐབས་འོས་འཚམ་སྤྱད་དེ་རིམས་ནད་འགོག་བཅོས་བྱེད་པར་རོགས་རམ་དང་། དཔལ་འབྱོར་ལ་རྒྱབ་སྐྱོར་བྱེད་དགོས་པར་མ་ཟད། དངུལ་ལོར་མ་ལག་གི་ལྡེམ་ཤུགས་སྲུང་འཛིན་བྱེད་དགོས་ཟེར།
གསལ་སྒྲོག་ལས་ད་རུང་མཉམ་ལས་ཀྱི་དགོས་གལ་རང་བཞིན་ནན་བཤད་བྱས་པར་མ་ཟད། བརྡ་འཕྲིན་མཉམ་སྤྱོད་དང་རྒྱལ་སྤྱིའི་ལས་ཁུངས་ཀྱིས་མཉམ་ལས་ལ་བརྟེན་ནས་ཐག་གཅོད་ཇུས་གཞི་གཏན་འབེབས་བྱེད་དགོས་པའི་ཚུལ་བསྟན།
གསལ་སྒྲོག་ལས་བཤད་རྒྱུར། ང་ཚོས་རྒྱལ་སྤྱིའི་སྤྱི་ཚོགས་བར་མཉམ་ལས་བྱས་ཤིང་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ལ་རོགས་རམ་བྱས་ཏེ་རིམས་ནད་ཀྱི་གནོད་པ་སེལ་དགོས། ང་ཚོས་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་ཚོགས་པ་དང་འཛམ་གླིང་དངུལ་ཁང་། རྒྱལ་སྤྱིའི་རྩ་འཛུགས་གཞན་པ་བཅས་ཀྱིས་བྱེད་ཐབས་སྤྱོད་པ་དང་། ཚད་ཆེན་པོའི་སྒོ་ནས་ད་ཡོད་ཀྱི་བྱེད་ཐབས་བེད་སྤྱད་དེ་ཁོངས་གཏོགས་རྒྱལ་ཁབ་ལ་རོགས་རམ་བྱེད་པར་དགའ་བསུ་ཞུ་བཞིན་ཡོད་ཟེར།
ལོ་ཙཱ་བ། བསོད་ནམས་ཚེ་རིང་།