ཟླ་གསུམ་པའི་ཚེས་བདུན་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ། ཞིང་ཆེན་དམག་བཀུར་ཁྱིམ་སྐྱོང་དང་སྲིད་བཀུར་དམངས་གཅེས་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ལིག་ཐོ་ཡིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་ཧུའུ་པེ་ཝུའུ་ཧན་དུ་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོག་རྒོལ་བྱེད་པར་སོང་བའི་མཉམ་འབྲེལ་མཁོ་སྒྲུབ་འགན་སྲུང་དམག་དཔུང་སྨན་ཁང་དང་སྨན་བཅོས་མི་སྣ་སྐོར་ཞིག་གི་ཁྱིམ་མི་ལ་འཚམས་འདྲི་བྱས། ཟི་ལིང་གྲོང་ཁྱེར་མཉམ་འབྲེལ་མཁོ་སྒྲུབ་འགན་སྲུང་ལྟེ་གནས་ཀྱི་ཀྲུའུ་རིན་ཧྲི་ཧྲུའུ་ཧི་ཡིས་མཉམ་དུ་འཚམས་འདྲི་བྱས།
ལིག་ཐོ་མཉམ་འབྲེལ་མཁོ་སྒྲུབ་འགན་སྲུང་དམག་དཔུང་དགུ་བཞི་གཅིག་སྨན་ཁང་དུ་སོང་ནས། སྨན་ཁང་དང་ཝུའུ་ཧན་ལ་རིམས་ནད་སྔོན་འགོག་ཚོད་འཛིན་ལས་འགན་བསྒྲུབ་པར་སོང་བའི་དམག་དཔུང་གི་དཔོན་དམག་གི་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས། ལིག་ཐོ་ཡིས་བསྟན་དོན། ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་བྱུང་བའི་ཚུན་དུ། མཉམ་འབྲེལ་མཁོ་སྒྲུབ་འགན་སྲུང་དམག་དཔུང་དགུ་བཞི་གཅིག་སྨན་ཁང་གིས་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་བཀོད་སྒྲིག་ལྟར། དཀའ་ཁག་གདོང་གིས་བསུ་བ་དང་མྱུར་དུ་སྐོར་ཁག་དང་པོའི་སྨན་བཅོས་རུ་ཁག་རྩ་འཛུགས་བྱས་ནས། ཝུའུ་ཧན་དུ་རིམས་ནད་འགོག་རྒོལ་གྱི་ལས་འགན་ལག་བསྟར་བྱེད་པར་མངག་པ་དང་། ཁྱེད་ཚོས་རྒྱལ་ཁབ་ཀྱི་ཆེད་དུ་རང་ཁྱིམ་རྒྱབ་ཏུ་བསྐྱུར་བ་དང་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་ནམ་ཡང་གོ་གནས་དང་པོར་བཞག་སྟེ། འགུལ་སྐྱོད་དངོས་ཀྱིས་སྟེང་ནས་དམངས་དམག་མཐུན་སྒྲིལ་གྱི་བརྩེ་སེམས་བརྟན་པོར་འགྲེལ་བཤད་གསལ་བོ་བྱས། རྒྱ་ཆེའི་དམག་མིའི་ཁྱིམ་མིས་རང་འགུལ་གྱིས་འགན་འཁྲི་ཕྲག་ཏུ་བླངས་པ་དང་། ཁོ་ཚོའི་རྒྱབ་ཕྱོགས་ཀྱི་ཁྱིམ་ཚང་བརྟན་སྲུང་བྱས་ལ། ཝུའུ་ཧན་དུ་རིམས་ནད་འགོག་རྒོལ་བྱེད་པར་སོང་བའི་སྨན་བཅོས་མི་སྣ་དང་དཔོན་དམག་ལ་རྒྱབ་སྐྱོར་ཆེན་པོ་བྱས་ཏེ། རིམས་ནད་འགོག་རྒོལ་གྱི་རྒྱལ་ཁ་ལེན་པའི་ཐད་དམིགས་བསམ་གྱི་སྟོབས་ཤུགས་ཕུལ་ཟེར།
ལིག་ཐོ་ཡིས་ནན་གྱིས་བསྟན་དོན། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་ནི་རིམས་ནད་འགོག་རྒོལ་ལས་གནས་སུ་འབད་འཐབ་བྱེད་བཞིན་པའི་སྨན་བཅོས་མི་སྣ་དང་དཔོན་དམག དེའི་ཁྱིམ་མིའི་རྒྱབ་རྟེན་གཙོ་བོ་ཡིན་པས། འབྲེལ་ཡོད་སྡེ་ཁག་སོ་སོས་དུས་ལྟར་ཝུའུ་ཧན་དུ་རོགས་སྐྱོར་བྱེད་པར་སོང་བའི་སྨན་བཅོས་མི་སྣ་དང་དཔོན་དམག ཁོ་ཚོའི་ཁྱིམ་མིའི་དགོས་མཁོ་ལ་རྒྱུས་ལོན་བྱེད་པ་དང་། ཁྱིམ་མིའི་བྱ་བ་དང་འཚོ་བ། བྱིས་པའི་སློབ་ཞུགས་སོགས་གནས་ཚུལ་ལ་སེམས་ཁུར་བྱེད་པ། དཀའ་ཁག་གནད་དོན་ཐག་གཅོད་པར་རོགས་བྱེད་པ། སྟོབས་ཤུགས་ཡོད་རྒུས་ཞབས་ཞུ་འགན་སྲུང་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་ནས། ཁོ་ཚོའི་རྒྱབ་ཕྱོགས་ཀྱི་སེམས་ཁྲལ་མེད་པར་བཟོ་བ་དང་། ཁོ་ཚོ་བློ་སེམས་རྩེ་གཅིག་གིས་བྱ་བའི་ཁྲོད་ཞུགས་པར་རྒྱབ་སྐྱོར་བྱས་ཏེ། མཉམ་དུ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་གཡུལ་འགྱེད་ཀྱི་རྒྱལ་ཁ་ལེན་དགོས་ཟེར།
རིན་ཆེན་མཚོས་བསྒྱུར།