དབྱི་ཐཱ་ལེའི་ཙུང་ལིའི་བཞུགས་ཤག་གིས་ཚེས་བརྒྱད་ཉིན་ཁྱབ་སྒྲོག་བྱས་དོན། དབྱི་ཐཱ་ལེ་ཡིས་ཉིན་དེ་ནས་བཟུང་ཟླ་བཞི་བའི་ཚེས་གསུམ་ཉིན་བར་བྱང་ཕྱོགས་ཀྱི་ལོན་པཱ་ཏིས་ས་ཁུལ་ཆེན་མོ་དང་གཞན་ཡང་ཞིང་ཆེན་བཅུ་བཞིར་བཀག་སྡོམ་བྱེད་ཐབས་སྤྱད་དེ། ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་རྒྱ་ཡན་དུ་འགྲོ་བར་བཀག་འགོག་བྱེད་རྒྱུ་ཡིན་ཟེར།
དབྱི་ཐཱ་ལེའི་ཙུང་ལི་ཁུང་ཐི་ཡིས་བཀོད་པའི་སྲིད་དོན་བཀའ་རྒྱ་ལྟར་ན། རྩ་དོན་སྟེང་ནས་མང་ཚོགས་དག་ས་ཁོངས་དེ་དག་ཏུ་འགྲོ་བར་གཏན་འགོག་བྱེད་ཀྱང་། བདེ་ཐང་སོགས་འབྲེལ་ཡོད་གནས་ཚུལ་ལ་དམིགས་བསལ་ཡོད་པ་དང་། ཉེན་རྟོག་པས་མི་རྣམས་འགྲོ་འོང་བྱེད་པའི་རྒྱུ་རྐྱེན་ལ་རྒྱུས་ལོན་གསལ་བོ་བྱེད་པའི་དབང་ཆ་ཡོད་པ་རེད།
སྲིད་དོན་བཀའ་རྒྱ་དེ་ལས་བཀག་སྡོམ་བྱས་པའི་ས་ཁུལ་གྱི་རིག་གནས་ལྟེ་གནས་དང་ལུས་ཕུང་སྦྱོང་བརྡར་ཁང་། གངས་ཤུད་ར་བ་སོགས་ཀྱི་སྒོ་བརྒྱག་པ་དང་། ལུས་རྩལ་འགྲན་སྡུར་སོགས་བྱ་འགུལ་གནས་སྐབས་སུ་མཚམས་འཇོག་རྒྱུ་མ་ཟད། སྨན་བཅོས་མི་སྣས་ངལ་གསོ་བྱེད་པར་གནས་སྐབས་སུ་ཆོག་མཆན་འགོད་མི་རུང་བའི་རེ་བ་བཏོན་ཡོད།
སྲིད་དོན་བཀའ་རྒྱ་དེ་ལས་ད་རུང་རྒྱལ་ཡོངས་སུ་གྲོས་ཚོགས་དང་འཁྲབ་སྟོན་བྱ་འགུལ་ཚང་མ་མཚམས་འཇོག་པ་དང་། ཚོང་ཁང་དག་གིས་གཟའ་ཟླ་བ་ནས་གཟའ་པ་སངས་བར་ལས་གཉེར་བྱས་ཆོག་ལ། ཆང་ཁང་དང་ཟ་ཁང་སོགས་ཀྱིས་མི་དང་མིའི་བར་གྱི་བར་ཐག་རྨིད་གཅིག་ལས་མི་ཆུང་བར་ཁག་ཐེག་བྱེད་ཐུབ་ན་མུ་མཐུད་དུ་ལས་གཉེར་བྱས་ཆོག་ཀྱང་། བཀག་སྡོམ་ཐེབས་པའི་ས་ཁུལ་གྱི་ཆང་ཁང་དང་ཟ་ཁང་དག་གིས་སྔ་དྲོའི་དུས་ཚོད་དྲུག་ནས་ཕྱི་དྲོའི་དུས་ཚོད་དྲུག་བར་ལས་གཉེར་བྱེད་དགོས། ས་ཁུལ་དེ་དག་ཏུ་བཀག་སྡོམ་བྱེད་ཐབས་སློབ་གྲྭ་ཚང་མའི་སྒོ་བརྒྱག་དགོས་པ་རེད།
ཁུང་ཐི་ཡིས་འགྲེལ་བཤད་བྱས་དོན། བཀག་སྡོམ་བྱེད་ཀྱང་མང་ཚོགས་དག་རང་གི་སྡོད་གནས་སུ་འགྲོ་འོང་བྱས་ཆོག་ཀྱང་། ཚ་ཡོད་པ་དང་དབུགས་ལམ་གྱི་ནད་རྟགས་ཡོད་པའི་མི་རྣམས་སྒོར་འབུད་མི་རུང་བའི་གྲོས་གཞི་བཏོན་པ་ཡིན་ཟེར། དབྱི་ཐཱ་ལེ་ཡིས་ཁ་ཐུམ་སོགས་འགོག་སྲུང་མཁོ་དངོས་དང་མྱུར་སྐྱོབ་སྒྲིག་ཆས་ཀྱི་ཐོན་ཚད་ཇེ་མང་དུ་གཏོང་དགོས་པར་མ་ཟད། ས་ཁུལ་ཆེན་མོ་སོ་སོས་ད་ཡོད་ཀྱི་སྨན་བཅོས་སྒྲིག་ཆས་བེད་སྤྱོད་བྱེད་དགོས་ཟེར།
དབྱི་ཐཱ་ལེའི་སྤྱི་དམངས་བདེ་སྲུང་པུའུ་ཡི་པུའུ་ཀྲང་། ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་འཕྲལ་སྒྲུབ་ཨུ་ཡོན་ལྷན་ཁང་གི་ཆེད་དོན་པ་པའོ་ལོས་ལེ་ཡིས་ཚེས་བརྒྱད་ཉིན་བཤད་རྒྱུར། ཚེས་བརྒྱད་ཉིན་གྱི་ཕྱི་དྲོའི་དུས་ཚོད་དྲུག་བར། དབྱི་ཐཱ་ལེ་རུ་རིམ་རྩིས་ཀྱིས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོས་པའི་ནད་པ་སྟོང་བདུན་དང་སུམ་བརྒྱ་དོན་ལྔར་བསླེབ་ཡོད་པ་དང་། སྔ་ཉིན་ལས་ནད་པ་སྟོང་གཅིག་དང་བཞི་བརྒྱ་གོ་གཉིས་འཕར་སྣོན་བྱུང་ཡོད་ཟེར།
ལོ་ཙཱ་བ། བསོད་ནམས་ཚེ་རིང་།