སུན་ཁྲུན་ལན་གྱིས་རིམས་ནད་འགོག་བཅོས་ཚོད་འཛིན་འཐབ་ཕྱོགས་དང་པོ་རུ་འབད་འཐབ་བྱེད་བཞིན་པའི་བུད་མེད་རྣམས་ལ་ཞི་ཅིན་ཕིང་གིས་ཐུགས་ཁུར་གནང་བ་དང་སྨོན་འདུན་ཞུས་པ་བརྒྱུད་སྒྲོག་བྱས།
2020.03.09 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 27

ཟླ་གསུམ་པའི་ཚེས་བརྒྱད་ཉིན་ནི་གསུམ་བརྒྱད་རྒྱལ་སྤྱིའི་ངལ་རྩོལ་བུད་མེད་དུས་ཆེན་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་སུན་ཁྲུན་ལན་གྱིས་རིམས་ནད་འགོག་བཅོས་ཚོད་འཛིན་འཐབ་ཕྱོགས་དང་པོ་རུ་འབད་འཐབ་བྱེད་བཞིན་པའི་རྒྱ་ཆེའི་བུད་མེད་སྤུན་ཟླ་རྣམས་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཐུགས་ཁུར་ཆེན་པོ་གནང་བ་དང་དུས་ཆེན་ལ་སྨོན་འདུན་བཟང་བོ་ཞུས་པ་བརྒྱུད་སྒྲོག་བྱས།

སུན་ཁྲུན་ལན་གྱིས་བརྙན་རིས་བརྒྱུད་དེ་བུད་མེད་སྨན་བཅོས་མི་སྣ་དང་སྤྱི་བདེ་ཉེན་རྟོག་པ། རིམས་ནད་འགོག་བཅོས་མི་སྣ། གཞིས་ཁུལ་བྱ་བ་སྒྲུབ་མཁན། གསར་འགྱུར་བྱ་བ་སྒྲུབ་མཁན། དང་བླངས་མཁན་སོགས་ཀྱི་ལུས་ཕུང་བདེ་ཐང་དང་བྱ་བ་དང་འཚོ་བའི་གནས་ཚུལ་ཞིབ་འདྲི་བྱས་པར་མ་ཟད། ཁོ་མོ་ཚོས་རིམས་ནད་འགོག་བཅོས་ཁྲོད་དུ་ནུས་པ་གལ་ཆེན་བཏོན་པར་ཁས་ལེན་གང་ལེགས་བྱས། ཁོ་མོས་བཤད་རྒྱུར། རིམས་ནད་འགོག་བཅོས་ཚོད་འཛིན་བྱ་བའི་མཇུག་མཐའི་འཐབ་འཛིང་ལ་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པའི་གནད་འགག་དུས་སྐབས་སུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཆེད་དུ་རིམས་ནད་འགོག་བཅོས་ཚོད་འཛིན་གྱི་འཐབ་ཕྱོགས་དང་པོ་དང་འཐབ་ཕྱོགས་སོ་སོ་ན་འབད་འཐབ་བྱེད་བཞིན་པའི་རྒྱ་ཆེའི་བུད་མེད་སྤུན་ཟླ་རྣམས་ལ་ལྷག་བསམ་རྣམ་དག་སྒོས་འཚམས་འདྲི་དང་དུས་ཆེན་ལ་སྨོན་འདུན་བཟང་བོ་ཞུས་པ་དེ་ལས་ཁས་ལེན་དང་གཟེངས་བསྟོད་བྱས་པར་མ་ཟད་སྐུལ་ལྕག་བཏང་བ་མཚོན་ཡོད་ཟེར།

སུན་ཁྲུན་ལན་གྱིས་བསྟན་དོན། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་རིམས་ནད་འགོག་བཅོས་ཚོད་འཛིན་གྱི་འཐབ་ཕྱོགས་དང་པོ་རུ་འབད་འཐབ་བྱེད་བཞིན་པའི་བུད་མེད་སྤུན་ཟླ་རྣམས་ལ་སེམས་ཁུར་དང་གཅེས་སྐྱོང་བྱེད་དགོས་པ་དང་། རིམ་པ་སོ་སོའི་བུད་མེད་མཉམ་འབྲེལ་རྩ་འཛུགས་ཀྱིས་ཁོ་མོ་ཚོའི་འཚོ་བ་དང་ཁྱིམ་ཚང་གི་དཀའ་ཁག་སྣ་ཚོགས་སེལ་རོགས་བྱེད་དགོས་པ་དང་། སེམས་ཁམས་ཀྱི་གནོན་ཤུགས་ཇེ་ཡང་དུ་བཏང་ནས། རྒྱ་ཆེའི་བུད་མེད་སྤུན་ཟླ་རྣམས་ལ་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་དྲོད་ཁོལ་ཉམས་སུ་མྱོང་དུ་འཇུག་དགོས་ཟེར།