​དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་གྱིས་རིམས་ནད་འགོག་བཅོས་བྱེད་སྐབས་ཨ་མེ་རི་ཁས་དབྱི་ལིང་གི་བཀག་སྡོམ་ཤུགས་ཚད་ཇེ་ཆེར་བཏང་བར་རྒོལ་གཏམ་བཏང་།
2020.03.09 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 51

དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་ཀྲ་ལི་ཧྥུའུ་ཡིས་ཚེས་བདུན་ཉིན་ཨ་མེ་རི་ཁས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོག་བཅོས་བྱེད་སྐབས་དབྱི་ལིང་གི་བཀག་སྡོམ་ཤུགས་ཚད་ཇེ་ཆེར་བཏང་བར་རྒོལ་གཏམ་བཏང་། 

ཀྲ་ལི་ཧྥུའུ་ཡིས་དྲ་ཚིགས་བརྒྱུད་དེ་བསྟན་དོན། ཨ་མེ་རི་ཁའི་སྲིད་གཞུང་གིས་བསམ་བཞིན་དུ་དབྱི་ལིང་གི་ཁྲིམས་འགལ་བཀག་སྡོམ་ཤུགས་ཚད་ཇེ་ཆེར་བཏང་བའི་དམིགས་ཡུལ་ནི་དབྱི་ལིང་གིས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོག་བཅོས་བྱེད་པར་མཁོ་བའི་ཐོན་ཁུངས་ཟད་པར་བྱེད་པའི་ཆེད་རེད་ཟེར། ཁོས་ད་རུང་བསྟན་དོན། ཨ་མེ་རི་ཁས་དབྱི་ལིང་གི་སྨན་བཅོས་བཀག་སྡོམ་བྱེད་ཐབས་ལ་བརྟེན་ནས་དཔལ་འབྱོར་བཀག་སྡོམ་གྱི་ཚབ་བྱེད་བཞིན་ཡོད་ཟེར། 

དབྱི་ལིང་གི་ཆེས་མཐོའི་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ་ཧྲ་མུའུ་ཧཱ་ནེ་ཡིས་ཉིན་དེར་ཨ་མེ་རི་ཁས་དབྱི་ལིང་གི་བཀག་སྡོམ་མེད་པར་གཏོང་དགོས་པའི་འབོད་སྐུལ་བཏང་། 

དབྱི་ལིང་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་མུའུ་སཱ་ཝེ་ཡིས་ཚེས་ལྔ་ཉིན་གསལ་སྒྲོག་སྤེལ་ཏེ། རིམས་ནད་ཀྱི་ཤུགས་རྐྱེན་འོག་ཏུ། ཨ་མེ་རི་ཁའི་བཀག་སྡོམ་ལས་དབྱི་ལིང་གི་སྤྱི་ཚོགས་ཀྱི་སྟོབས་ཤུགས་ཞན་པའི་ཚོགས་ཁག་ལ་གནོད་པ་ཆེན་པོ་བཟོས་ཡོད་ཟེར།



ལོ་ཙཱ་བ། བསོད་ནམས་ཚེ་རིང་།