ཟླ་གསུམ་པའི་ཚེས་བརྒྱད་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་སྡོམ་རྐྱེན་སྲོལ་གྱིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས་ཏེ། རིམས་ནད་འགོག་བཅོས་ཀྱི་ཆེས་གསར་བའི་གནས་ཚུལ་དང་དེ་མིན་རིམས་ནད་འགོག་བཅོས་ཚོད་འཛིན་གྱི་འཐབ་ཕྱོགས་དང་པོ་རུ་འབད་འཐབ་བྱེད་བཞིན་པའི་སྨན་བཅོས་མི་སྣར་སེམས་ཁུར་དང་གཅེས་སྐྱོང་བྱས་པའི་འབྲེལ་ཡོད་གནས་ཚུལ་མཚམས་སྦྱོར་བྱས།
རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་མཚམས་སྦྱོར་བྱས་དོན། མིག་སྔའི་བར་དུ་རྒྱལ་ཡོངས་ནས་སྨན་བཅོས་རུ་ཁག་སུམ་བརྒྱ་དང་ཞེ་དྲུག་དང་སྨན་བཅོས་མི་སྣ་ཁྲི་བཞི་དང་སྟོང་གཉིས་ལྷག་ཧུའུ་པེ་ཞིང་ཆེན་དུ་མངགས་ཏེ་ས་གནས་ཀྱི་སྨན་བཅོས་མི་སྣ་དང་མཉམ་དུ་རྡོག་རྩ་གཅིག་སྒྲིལ་དང་སྟོབས་ཤུགས་གང་ཡོད་བཏོན་ནས་སྨན་བཅོས་མྱུར་སྐྱོབ་བྱ་བ་བསྒྲུབས། དེའི་ནང་དུ་བུད་མེད་སྨན་བཅོས་མི་སྣ་ཁྲི་གཉིས་དང་སྟོང་བརྒྱད་ཡོད་པ་དང་། དེས་སྨན་བཅོས་མི་སྣ་ཡོངས་ཀྱི་སུམ་ཆའི་གཉིས་ཟིན་པས་ནུས་པ་གལ་ཆེན་བཏོན། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་མཚམས་སྦྱོར་བྱས་དོན། མིག་སྔར་སྤྱི་ཚོགས་ཡོངས་ཀྱི་སྟོབས་ཤུགས་སྐུལ་སློང་བྱས་ཏེ་དངོས་རྫས་དང་མ་དངུལ་སྒོར་དུང་ཕྱུར་གཉིས་ལྷག་བསྡུས་ནས་རིམས་ནད་འགོག་བཅོས་ཀྱི་འཐབ་ཕྱོགས་དང་པོ་རུ་འབད་འཐབ་བྱེད་པའི་སྨན་བཅོས་མི་སྣར་རོགས་སྐྱོར་བྱས་ཤིང་། རིམས་ནད་འགོག་བཅོས་ཀྱི་འཐབ་ཕྱོགས་དང་པོའི་བུད་མེད་སྨན་བཅོས་མི་སྣ་ཉི་ཤུ་ལ་གཟེངས་བསྟོད་བྱས་པ་དང་། རྗེས་ཕྱོགས་ནས་མུ་མཐུད་དུ་འཐབ་ཕྱོགས་དང་པོའི་ཕུལ་བྱུང་བུད་མེད་སྨན་བཅོས་མི་སྣ་དང་སྔོན་ཐོན་ཐུན་མོང་གང་མང་གདམ་ནས་གཟེངས་བསྟོད་བྱེད་རྒྱུ་ཡིན་ཟེར།
བཀྲ་ཤིས་འབུམ་གྱིས་བསྒྱུར།