ཟླ་གསུམ་པའི་ཚེས་ལྔ་ཉིན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་སྤྱི་ཚོགས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གིས་ཡན་ལག་ཏང་ཙུའུ་ཡི2020ལོའི་གྲོས་ཚོགས་ཐེངས་དང་པོ་དང་ཀྲུའུ་རིན་རྒྱ་སྐྱེད་གྲོས་ཚོགས་བསྡུས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་མཱ་ཧེ་དབྱིན་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།
ཚོགས་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་བྱ་བའི་བཀོད་སྒྲིག་གྲོས་ཚོགས་སྟེང་གནང་བའི་གསུང་བཤད་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། ཞིང་ཆེན་སྲིད་གྲོས་སྤྱི་ཚོགས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཡན་ལག་ཏང་ཙུའུ་ཡི2020ལོའི་བྱ་བ་གཙོ་བོ་དང་ཨུ་ཡོན་ལྷན་ཁང་གི་བྱ་བ་གཙོ་བོར་གྲོས་ཞིབ་བྱས་པ་མ་ཟད། ད་ལོའི་བྱ་བ་གཙོ་བོ་བཀོད་སྒྲིག་བྱས།
མཱ་ཧེ་དབྱིན་གྱིས་ནན་གྱིས་བསྟན་དོན། ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་བཏང་སྟེ། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་རྒྱུ་དེ་མིག་སྔའི་ཆེས་བྲེལ་མྱུར་ཆེ་བ་དང་ཆེས་ཆེ་བའི་ཆབ་སྲིད་ལས་འགན་ཡིན་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་རྒྱུས་ལོན་གཏིང་ཟབ་བྱེད་པ་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ཡི་འབྲེལ་ཡོད་རེ་བ་ལག་བསྟར་ནན་མོ་བྱེད་པ། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་ལག་བསྟར་བྱས་ནས། ཨུ་ཡོན་ལྷན་ཁང་གི་གཏན་ཁེལ་བྱས་པའི་བྱ་བའི་ལས་འགན་སྣ་ཚོགས་ཁྱོན་ཡོངས་ནས་ཡོངས་འགྲུབ་བྱེད་པར་ཁག་ཐེག་བྱེད་པ་དང་། ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་སྔོན་འགོག་ཚོད་འཛིན་ལ་གཅིག་གྱུར་མཐུན་སྦྱོར་བྱེད་པ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་ཐད་སྲིད་གྲོས་ཀྱི་བློ་གྲོས་དང་སྟོབས་ཤུགས་འབུལ་དགོས་ཟེར།
མཱ་ཧེ་དབྱིན་གྱིས། བསམ་བློ་ཆབ་སྲིད་ཀྱི་སྣེ་ཁྲིད་ལ་ཤུགས་བསྣན་ནས། ཡན་ལག་ཏང་ཙུའུ་ཡི་ཆེད་དོན་ཨུ་ཡོན་ལྷན་ཁང་གི་བྱ་བའི་ཁྲོད་ཀྱི་འགོ་ཁྲིད་སྲོག་ཤིང་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་ཀླད་པར་དྲག་ཆས་སྤྲས་པ་དང་ལག་ལེན་ལ་མཛུབ་སྟོན་བྱེད་པ་དང་། ཆབ་སྲིད་སྟེང་ཨུ་ཡོན་ལ་སྣེ་ཁྲིད་བྱེད་པ། ཐུན་མོང་གི་བསམ་བློ་ཆབ་སྲིད་རྨང་གཞི་བཙུགས་ཏེ། ཆེད་དོན་ཨུ་ཡོན་ལྷན་ཁང་གི་འགན་སྒྲུབ་ཁ་ཕྱོགས་རྒྱུས་ལོན་བཟང་བོ་བྱེད་དགོས། འགན་སྒྲུབ་གསར་གཏོད་ལ་ཤུགས་སྣོན་པ་དང་། བློ་འདོན་ཇུས་འབུལ་དང་ཐུན་མོང་གི་ལྟ་བ་གཅིག་ཏུ་སྒྲིལ་བའི་སྟེང་ཤུགས་འདོན་པ། ཆེད་དོན་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྤུས་ཚད་མཐོར་འདེགས་གཏོང་བ་དང་ཕན་འབྲས་ཇེ་ལེགས་སུ་གཏོང་བར་སྐུལ་འདེད་བཏང་སྟེ། ལོ་ཧྲིལ་བོའི་བྱ་བའི་འགོ་བཟང་བོ་རྩོམ་པར་ཁག་ཐེག་བྱེད་དགོས་ཟེར།
རིན་ཆེན་མཚོས་བསྒྱུར།