འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཐན་ཏི་སེ་ཡིས་ཚེས་བཅུ་ཉིན་བཅར་འདྲི་དང་ལེན་བྱེད་སྐབས་བསྟན་དོན། ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོག་བཅོས་བྱེད་པར་འཛམ་གླིང་ཡོངས་ཀྱིས་མཉམ་འབྲེལ་ལ་ཤུགས་སྣོན་བྱེད་དགོས་པ་དང་། ཁྱད་པར་དུ་ས་ཁོངས་རང་བཞིན་གྱི་རྒྱལ་སྤྱིའི་རྩ་འཛུགས་ཀྱི་རོགས་ལས་དང་མཉམ་ལས་ལ་ཤུགས་སྣོན་དགོས་ཟེར།
ཐན་ཏི་སེ་ཡིས་བཤད་རྒྱུར། རྒྱལ་སྤྱིའི་མཐུན་སྦྱོར་རྐྱེན་སྲོལ་ལ་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དང་ཡོ་རོབ་གླིང་མནའ་འབྲེལ། ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ། ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་སོགས་ས་ཁོངས་རང་བཞིན་གྱི་རྒྱལ་སྤྱིའི་རྩ་འཛུགས་ཀྱི་མཉམ་ལས་འདུས་པ་དང་། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་དང་རྒྱལ་ཁབ་བདུན་གྱི་སྡེ་ཚོགས། མཉམ་འབྲེལ་རྒྱལ་ཚོགས་བཅས་བར་འཛམ་གླིང་ཡོངས་ཀྱི་རོགས་ལས་བྱེད་དགོས། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ནམ་རྒྱུན་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་མགོ་ཁྲིད་པ་དང་འཕྲོད་བསྟེན་བློན་ཆེན་གྱིས་རྒྱལ་སྤྱིའི་བར་གྱི་མཉམ་ལས་མཉམ་འགོག་བྱ་བ་ཇི་ལྟར་སྤེལ་བར་གྲོས་བསྡུར་བྱེད་པ་དང་། ད་ལྟ་སྔར་བཞིན་མུ་མཐུད་དུ་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ནས་ཚོད་ལྟ་བྱེད་པར་སྐུལ་འདེད་གཏོང་བཞིན་ཡོད་ཟེར།
ཁོས་བསྟན་དོན། ཏོག་དབྱིབས་ནད་དུག་གསར་བ་ནི་མིའི་རིགས་ཀྱི་ཐུན་མོང་གི་དགྲ་བོ་ཡིན་པས། ང་ཚོས་ངེས་པར་དུ་ཐུན་མོང་གི་དགྲ་བོར་དོ་སྣང་བྱེད་དགོས་པ་ལས་ང་ཚོའི་བར་གྱི་འགལ་བར་དོ་སྣང་བྱེད་མི་རུང་། ད་ནི་ང་ཚོས་མཐུན་སྒྲིལ་བྱས་ཏེ་རང་ཉིད་ལ་སྲུང་སྐྱོབ་དང་མིའི་རིགས་ལ་སྲུང་སྐྱོབ་བྱེད་པའི་དུས་ལ་བབས་ཡོད་ཟེར།
ཐན་ཏི་སེ་ཡིས་ཉིན་དེར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རི་ནེ་ཝ་རུ་སྡོད་པའི་ཀྲུང་གོའི་དོན་གཅོད་ཁང་དང་སུའེ་ཙེར་གྱི་རྒྱལ་སྤྱིའི་རྩ་འཛུགས་གཞན་པའི་འཐུས་མི་ཁྲིན་ཞུའུ་དང་མཉམ་དུ་ཀྲུང་གོས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ལ་མེ་སྒོར་བྱེ་བ་གཉིས་ཀྱི་ཞལ་འདེབས་ཕུལ་ནས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོག་བཅོས་བྱེད་པའི་ཐད་བཀོལ་བར་གྲོས་མཐུན་བཀོད། ཐན་ཏི་སེ་ཡིས་བསྟན་དོན། ཞལ་འདེབས་མ་དངུལ་དེ་འཕྲོད་བསྟེན་མ་ལག་ཅུང་ཞན་པའི་རྒྱལ་ཁབ་དག་གི་རིམས་ནད་འགོག་བཅོས་བྱ་བར་རྒྱབ་སྐྱོར་བྱེད་པའི་ཐད་བཀོལ་རྒྱུ་ཡིན་ཟེར། ཁོས་ཡང་བསྐྱར་ཀྲུང་གོའི་སྲིད་གཞུང་དང་མི་དམངས་ཀྱིས་གཏོང་ཕོད་ཆེན་པོས་ཞལ་འདེབས་ཕུལ་བར་བཀའ་དྲིན་ཞུས།
ལོ་ཙཱ་བ། བསོད་ནམས་ཚེ་རིང་།