ལིས་ཁི་ཆང་གིས་འགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས།
2020.03.12 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 219

ཟླ་གསུམ་པའི་ཚེས་བཅུ་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་འགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ། རིམས་ནད་ཀྱི་ཤུགས་རྐྱེན་ལ་ཁ་གཏད་འཇལ་ཏེ་ཕྱི་ཚོང་བརྟན་འཇགས་དང་ཕྱི་དངུལ་བརྟན་འཇགས་སུ་གཏོང་བའི་བྱེད་ཐབས་གཏན་འཁེལ་བྱས་ཤིང་། ཐོན་ལས་ཕྲེང་འབྲེལ་དང་མ་དངུལ་ཕྲེང་འབྲེལ་སྔར་ལས་ཇེ་དམ་དུ་གཏོང་བ་དང་ལྷུ་ཚིགས་སོ་སོ་མཐུན་སྦྱོར་བྱས་ཏེ་ལས་ཀ་དང་ཐོན་སྐྱེད་སླར་གསོ་བྱེད་པར་སྐུལ་འདེད་གཏོང་རྒྱུ་བཀོད་སྒྲིག་བྱས་པ་དང་།  ཡང་བསྐྱར་ཆེད་སྤྱོད་དངུལ་བུན་བསྐྱི་བ་དང་ཡང་བསྐྱར་དུས་མ་ཟིན་པའི་སྐྱེད་ཀ་སྤྲོད་པའི་སྲིད་ཇུས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། རིམས་ནད་འགོག་བཅོས་ཚོད་འཛིན་འགན་སྲུང་དང་ཁེ་ལས་ཀྱི་འཕེལ་རྒྱས་ཐད་ལ་རྒྱབ་སྐྱོར་བྱེད་དགོས་པའི་རེ་བ་བཏོན།

ཚོགས་ཐོག་ནས་བསྟན་དོན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་ལྟར། རིམས་ནད་འགོག་བཅོས་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གཅིག་གྱུར་སྒོས་འཆར་འགོད་དང་སྐུལ་འདེད་གཏོང་སྐབས། ངེས་པར་དུ་སྒོ་འབྱེད་རྒྱ་བསྐྱེད་པ་དང་བྱེད་ཐབས་སྣ་ཚོགས་སྤྱད་དེ་ཕྱི་ཚོང་བརྟན་འཇགས་དང་ཕྱི་དངུལ་བརྟན་འཇགས་སུ་རྒྱུ་རྒྱུན་འཁྱོངས་བྱེད་དགོས། ཚོགས་ཐོག་ནས་ཁུལ་དང་རིམ་པ་བཀར་ཏེ་གནད་ཕིགས་འགོག་སྲུང་ལ་ཤུགས་སྣོན་པ་དང་མཉམ་དུ་ཐོན་ལས་ཕྲེང་འབྲེལ་ཚང་མའི་ལས་ཀ་དང་ཐོན་སྐྱེད་མྱུར་དུ་སླར་གསོ་བྱེད་དགོས་པའི་རེ་བ་བཏོན།

ཚོགས་ཐོག་ནས་བསྟན་དོན། ཉེ་བའི་དུས་སྐབས་ཤིག་ལ། འབྲེལ་ཡོད་ལས་ཁུངས་ཀྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རེ་བ་ལྟར། དངུལ་རྩའི་ལས་ཁུངས་ཀྱིས་ ཡང་བསྐྱར་ཆེད་སྤྱོད་དངུལ་བུན་སྒོར་ཁྲག་ཁྲིག་གསུམ་བསྐྱི་བ་དང་ཡང་བསྐྱར་སྒོར་ཁྲག་ཁྲིག་ལྔ་ཡི་དངུལ་བུན་བསྐྱི་བ་དང་ཡང་བསྐྱར་དུས་མ་ཟིན་པའི་སྐྱེད་ཀ་སྤྲོད་པའི་སྲིད་ཇུས་ལག་བསྟར་བྱས་ཏེ། རིམས་ནད་འགོག་བཅོས་ཚོད་འཛིན་དང་ལས་ཀ་དང་ཐོན་སྐྱེད་སླར་གསོ་བྱེད་པར་རྒྱབ་སྐྱོར་ཆེན་པོ་བྱས་ཟེར།

ཚོགས་ཐོག་ནས་བསྟན་དོན། ཉེ་ལམ་གཏན་ལ་ཕབ་པའི་སྲིད་ཇུས་སྣ་ཚོགས་དངོས་འབེབས་བཟང་བོ་བྱས་ཏེ། ཧུར་ཐག་སྒོས་རིམས་ནད་ཀྱིས་ཤུགས་རྐྱེན་ཐེབས་ཚད་ཇེ་དམའ་རུ་གཏོང་བ་དང་མཉམ་དུ། བཅོས་སྒྱུར་སྒོ་འབྱེད་གཏིང་ཟབ་སྤེལ་བའི་བྱེད་ཐབས་ལ་ཞིབ་འཇུག་བྱེད་པ་དང་། ནུས་ལྡན་སྒོས་ཚོང་རའི་གསོན་ཤུགས་ཇེ་ཆེར་གཏོང་བ་དང་ནང་མཁོ་རྒྱ་བསྐྱེད་ཅིང་སྒུལ་ཤུགས་ཇེ་ཆེར་གཏོང་དགོས་ཟེར།