ལིག་ཉིང་གིས་འགོ་འཛིན་བྱས་ཏེ་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་བསྡུས།
2020.03.13 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 21

ཟླ་གསུམ་པའི་ཚེས་བཅུ་གཉིས་ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི། ཧྲིན་ཀྲང་ལིག་ཉིང་གིས་འགོ་འཛིན་བྱས་ཏེ་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་བསྡུས། ཚོགས་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧུའུ་པེ་ཡི་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བར་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་དང་ཀྲུང་དབྱང་གི་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་འཇལ་བའི་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས། རྒྱལ་སྲིད་སྤྱི་ཁྱབ་ཁང་རྒྱུན་ལས་གྲོས་ཚོགས་ཀྱི་དགོངས་དོན་བཅས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ནས། དངོས་འབེབས་དོན་འཁྱོལ་བྱ་བར་ཞིབ་འཇུག་བཀོད་སྒྲིག་བྱས།

གྲོས་ཚོགས་ལས་བསྟན་དོན། གློ་ཚད་རིམས་ནད་འགོག་བཅོས་ཀྱི་འགག་རྩའི་དུས་སྐབས་སུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཧུའུ་པེ་ཞིང་ཆེན་ཝུའུ་ཧན་གྲོང་ཁྱེར་དུ་གློ་ཚད་རིམས་ནད་འགོག་བཅོས་ལས་དོན་ལ་རྟོག་ཞིབ་གནང་བར་ཕེབས་པ་དང་། འཐབ་ས་དང་པོར་འབད་འཐབ་བྱེད་བཞིན་པའི་སྨན་བཅོས་ལས་བཟོ་བ་དང་། བཅིངས་འགྲོལ་དམག་གི་བཀོད་འཐབ་པ། གཞིས་ཁུལ་གྱི་ལས་བཟོ་བ། སྤྱི་བདེ་ལས་བྱེད་པ། གཞི་རིམ་ལས་བྱེད་པ། དང་བླངས་པ། སྡོད་དམངས་མང་ཚོགས་བཅས་ལ་གཟིགས་སྐྱོང་འཚམས་འདྲི་གནང་བར་མ་ཟད། མིག་སྔའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གནས་བབ་ལ་དབྱེ་ཞིབ་གཏིང་ཟབ་གནང་བ་ལས་གཞན། མ་འོངས་པའི་ལས་དོན་ལ་བཀོད་སྒྲིག་གལ་ཆེན་གནང་བས། ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱི་རིམས་ནད་ལས་རྣམ་པར་རྒྱལ་བ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཡིད་ཆེས་དང་སྟོབས་ཤུགས་སྔར་ལས་ཆེ་རུ་ཕྱིན་ཡོད་ཟེར།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གཅིག་གྱུར་བཀོད་སྒྲིག་དམ་འཛིན་ཡག་པོ་བྱེད་པའི་འགན་འཁྲིའི་བསམ་པ་དང་དགོས་གཏུགས་ཀྱི་བསམ་པ་སྔར་ལས་ཆེ་རུ་གཏོང་དགོས། དུས་དང་རྣམ་པ་ཀུན་ཏུ་བདེ་སྡོད་ཉེན་བསམ་དང་གནད་ཕིགས་སྔོན་འགོག་ཚོད་འཛིན་ལ་ཤུགས་སྣོན། རིམས་ནད་ཀྱི་དོགས་ཟོན་རང་བཞིན་དང་སྔོན་འགོག་ཚོད་འཛིན་གྱི“དམའ་རུ་གཏོང་མི་རུང་བ་གཉིས”ཀྱི་བླང་བྱ་དམ་འཛིན་ནན་མོ་བཅས་བྱས་ནས། གནད་ལ་འཁེལ་བའི་སྒོ་ནས་ཕྱི་ནས་ནང་དུ་འགོ་བ་སྔོན་འགོག་དང་སློབ་གྲྭ་དང་ཁེ་ལས་སོགས་འགག་རྩའི་གནས་དང་གཙོ་གནད་མི་ཚོགས་ལ་སྔོན་འགོག་ཚོད་འཛིན་བྱེད་དགོས། ཁྱོན་ཡོངས་དམ་འཛིན་དང་གཙོ་གནད་དམ་འཛིན། ཕུགས་རྒྱང་དམ་འཛིན་བཅས་བྱེད་མཁས་པོ་བྱས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་དང་འཚམ་པའི་དཔལ་འབྱོར་དང་སྤྱི་ཚོགས་འཁོར་རྒྱུག་གི་སྒྲིག་ལམ་གང་མགྱོགས་སྒོས་བཙུགས་ཏེ་ཐོབ་དཀའ་བའི་འཕེལ་ཕྱོགས་བཟང་པོ་ཟམ་མི་ཆད་པར་སྲ་བརྟན་དུ་གཏོང་དགོས། སློབ་ཆུང་དང་མཐོ་རིམ་ལས་རིགས་སློབ་གླིང་གིས་རྒྱུན་མཐུད་སློབ་འགོ་ཚུགས་པ་དང་སྔོན་འགོག་ཚོད་འཛིན་ས་ཁུལ་གྱི་འགུལ་རྣམ་ལེགས་སྒྲིག་དང་དེ་བཞིན་ཁེ་ལས་ཀྱི་ལས་འགོ་བསྐྱར་རྩོམ་བྱ་བར་སྔར་ལས་སྐུལ་འདེད་གཏོང་བའི་འབྲེལ་ཡོད་གནད་དོན་ལ་ཞིབ་འཇུག་བྱས་ཏེ“མི་སྣ་གསོ་སྦྱོང་ཆེན་མོ་དང་། ལས་གནས་དམག་སྦྱོང་ཆེན་མོ། ཁོར་ཡུག་བཅོས་སྒྲིག་ཆེན་མོ”བཅས་ཀྱི་ལས་དོན་གཏིང་ཟབ་སྤེལ་ནས་ལས་ཀའི་སྤུས་ཚད་དང་ཕན་འབྲས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། སྤྱོད་ཚུལ་ཇེ་ལེགས་སུ་གཏོང་རྒྱུར་ཤུགས་སྣོན་པ་དང་། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ། སེམས་ནུས་གཅིག་སྒྲིལ་གྱིས་རིམས་ནད་སྔོན་འགོག་ཚོད་འཛིན་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས། མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་འགན་ལེན་བཅས་ཁྲོད་ཀྱི་གནད་དོན་དངོས་ཐག་གཅོད་བྱས་ཏེ་ཇུས་ཆོད་བཀོད་སྒྲིག་ཁག་དོན་ཐོག་ཏུ་འཁྱོལ་ནས་ཕན་འབྲས་ཐོན་པར་འགན་ལེན་ཁག་ཐེག་བྱེད་དགོས་ཟེར།

ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཁོངས་མི་ཡན་ཅིན་ཧེ། ཝང་ལིས་མེན། དབྱང་ཧྥིན་ཁྲུན། ཝང་ཀྲིན་ཧྲིན། ཐེན་ཅིན་ཁྲིན། ཀྲང་ལིས། ལིག་ཐའོ། ཀྲང་ཧུང་ཡོན་བཅས་ཚོགས་འདུར་ཞུགས།

བན་དེ་སྐྱབས་ཀྱིས་བསྒྱུར།