འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚེས་བཅུ་གསུམ་ཉིན་བཤད་རྒྱུར། མིག་སྔར་ཡོ་རོབ་གླིང་ནས་སྙན་ཞུ་བྱས་པའི་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོས་པའི་ནད་པ་དང་ཚེ་ལས་འདས་པའི་ནད་པའི་ཁ་གྲངས་དེ་ཀྲུང་གོ་མ་གཏོགས་པའི་རྒྱལ་ཁབ་དང་ས་ཁུལ་གང་རུང་གི་སྤྱི་གྲངས་ལས་བརྒལ་ཡོད་པ་དང་། ཡོ་རོབ་གླིང་ས་ཁུལ་དེ་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་རྒྱ་ཡན་དུ་འགྲོ་བའི་ས་ཁུལ་གཙོ་བོར་གྱུར་ཡོད་ཟེར།
འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཐན་ཏི་སེ་ཡིས་ཉིན་དེར་རྒྱུན་ལྡན་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། མིག་སྔར་རྒྱལ་ཁབ་དང་ས་ཁུལ་བརྒྱ་དང་ཉེར་གསུམ་ནས་རིམ་རྩིས་ཀྱིས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ལ་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོས་པའི་ནད་པའི་ཁ་གྲངས་འབུམ་གཅིག་དང་ཁྲི་གསུམ་སྟོང་གཉིས་ལ་བརྒལ་བ་དང་། ཚེ་ལས་འདས་པའི་ནད་པའི་ཁ་གྲངས་སྟོང་ལྔ་ལས་བརྒལ་ཡོད་ལ། དེ་ནི་ཡིད་སྐྱོ་བའི་སྣང་ཚུལ་ཞིག་རེད་ཟེར།
ཁོས་བཤད་རྒྱུར། ཡོ་རོབ་གླིང་དེ་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་རྒྱ་ཡན་དུ་སོང་བའི་ས་ཁུལ་གཙོ་བོར་གྱུར་ཡོད། སྙན་ཞུ་བྱས་པའི་ནད་པའི་ཁ་གྲངས་དང་ཚེ་ལས་འདས་པའི་མི་གྲངས་ཀྲུང་གོ་མ་གཏོགས་པའི་རྒྱལ་ཁབ་དང་ས་ཁུལ་གཞན་པའི་སྤྱི་གྲངས་ལས་བརྒལ་ཡོད་ལ། ཉིན་དེར་སྙན་ཞུ་བྱས་པའི་ནད་པའི་བསྡུར་ཚད་ཀྲུང་གོའི་རིམས་ནད་ཧ་ཅང་ཚབས་ཆེ་བའི་སྐབས་ལས་ཀྱང་མང་བ་རེད་ཟེར།
ཐན་ཏི་སེ་ཡིས་བཤད་རྒྱུར། ཀྲུང་གོ་དང་ཧན་གོ། སིང་ག་ཕོར། དེ་མིན་རྒྱལ་ཁབ་གཞན་པའི་ཉམས་མྱོང་ལས་གསལ་བོར་མངོན་པ་ལྟར་ན། ནད་པར་འབྲེལ་འདྲིས་བྱེད་མཁན་ལ་ཞིབ་བཤེར་བྱེད་པ་དང་། བྱ་འགུལ་སྣ་ཚོགས་ཇེ་ཉུང་དུ་བཏང་ན་རིམས་ནད་སྔོན་འགོག་དང་ཚེ་སྲོག་མྱུར་སྐྱོབ་བྱེད་ཐུབ་ཟེར།
འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཉིན་དེར་ད་རུང་མཉམ་འབྲེལ་རྒྱལ་ཚོགས་ཐེབས་རྩ་ཚོགས་པ་དང་སུའེ་ཙེར
སྙིང་རྗེ་ཐེབས་རྩ་ཚོགས་པ་གཉིས་དང་མཉམ་དུ་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོག་བཅོས་བྱེད་པའི་ཐེབས་རྩ་བསྡུ་ལེན་བྱེད་རྒྱུ་ཁྱབ་སྒྲོག་བྱས་པར་མ་ཟད། མི་སྒེར་དང་རྩ་འཛུགས་ཀྱིས་འཛམ་གླིང་ཡོངས་ཀྱི་རིམས་འགོག་ཐད་བྱས་རྗེས་འཇོག་དགོས་པའི་འབོད་སྐུལ་བཏང་། བསྡུ་ལེན་བྱས་པའི་མ་དངུལ་དག་རིམས་ནད་ཀྱི་འགོག་བཅོས་མཐུན་སྦྱོར་བྱ་བ་དང་། སྨན་བཅོས་ལས་བྱེད་མི་སྣར་ཁ་ཐུམ་དང་། ལག་ཤུབས། འགོག་སྲུང་ལྭ་བ། འགོག་སྲུང་མིག་ཤེལ་སོགས་སྒྲིག་ཆས་ཉོ་བསྡུ་བྱེད་པ། ཞིབ་བཤེར་ཚད་འཇལ་གྱི་སྒྲིག་ཆས་ཉོ་བསྡུ་བྱེད་པའི་ཐད་དུ་བཀོལ་རྒྱུ་མ་ཟད། ཞིབ་འཇུག་གསར་སྤེལ་ཐད་ཀྱི་དངུལ་གཏོང་ལ་ཤུགས་སྣོན་བྱེད་རྒྱུ་ཡིན་ཟེར།
དེའི་སྔོན་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་གཙོ་བོ་རྒྱལ་ཁབ་སོ་སོའི་སྲིད་གཞུང་གི་རྒྱབ་སྐྱོར་ལ་བརྟེན་ནས་རིམས་ནད་བྱ་བ་རྒྱབ་སྐྱོར་བྱེད་བཞིན་ཡོད།
ལོ་ཙཱ་བ། བསོད་ནམས་ཚེ་རིང་།