འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཀྲུང་གོ་མ་གཏོགས་པའི་འཛམ་གླིང་ཡོངས་ཀྱི་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པ་ཁྲི་དྲུག་དང་སྟོང་གཅིག་ལྔ་བརྒྱ་བཅོ་བརྒྱད་ལ་སླེབ་པའི་ཚུལ་བསྟན།
2020.03.15 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 34

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚེས་བཅུ་བཞི་ཉིན་ཁྱབ་སྒྲོག་བྱས་པའི་གཞི་གྲངས་གསར་བ་ལྟར་ན། ཀྲུང་གོ་མ་གཏོགས་པའི་འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་སོ་སོར་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པའི་ཁ་གྲངས་ཁྲི་དྲུག་དང་སྟོང་གཅིག་ལྔ་བརྒྱ་བཅོ་བརྒྱད་ལ་སླེབ་ཡོད་ཟེར། 

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཉིན་རེའི་རིམས་ནད་ཀྱི་གནས་ཚུལ་སྙན་ཞུ་བྱས་པ་ལྟར་ན། ཡོ་རོབ་གླིང་དབུས་ཕྱོགས་ཀྱི་དུས་ཚོད་ཚེས་བཅུ་བཞི་ཉིན་གྱི་ཕྱི་དྲོའི་དུས་ཚོད་གཉིས་བར། ཀྲུང་གོ་མ་གཏོགས་པའི་འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་སོ་སོའི་ཉིན་གཅིག་ལ་འཕར་སྣོན་བྱུང་བའི་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པའི་ཁ་གྲངས་སྟོང་དགུ་དང་བདུན་བརྒྱ་ང་གཅིག་ཡིན་པ་དང་། བསྡོམས་པས་ཁྲི་དྲུག་དང་སྟོང་གཅིག་ལྔ་བརྒྱ་བཅོ་བརྒྱད་དུ་བསླེབ་ཡོད། ཀྲུང་གོ་མ་གཏོགས་པའི་རྒྱལ་ཁབ་གཞན་པའི་རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་སྔ་ཉིན་ལས་བཞི་བརྒྱ་དང་ཉེར་བཞི་ཇེ་མང་དུ་སོང་ཡོད་ལ། བསྡོམས་པས་སྟོང་གཉིས་དང་བརྒྱ་གོ་དགུར་སླེབ་ཡོད་ཟེར། 

འཛམ་གླིང་ཡོངས་ཀྱི་ཁྱབ་ཁོངས་སུ་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པའི་ཁ་གྲངས་སྔ་ཉིན་ལས་སྟོང་དགུ་དང་བདུན་བརྒྱ་རེ་དགུ་འཕར་ཡོད་ལ། བསྡོམས་པས་འབུམ་གཅིག་དང་ཁྲི་བཞི་སྟོང་གཉིས་ལྔ་བརྒྱ་སོ་དགུར་བསླེབ་ཡོད། རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་སྔ་ཉིན་ལས་བཞི་བརྒྱ་དང་སོ་བརྒྱད་འཕར་ནས། བསྡོམས་པས་སྟོང་ལྔ་དང་སུམ་བརྒྱ་གོ་གསུམ་ལ་སླེབ་ཡོད་ཟེར།



ལོ་ཙཱ་བ། བསོད་ནམས་ཚེ་རིང་།