​ཧྥ་རན་སིའི་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོས་པའི་ནད་པ་སྟོང་བཞི་དང་ལྔ་བརྒྱར་འཕར།
2020.03.15 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 34

ཧྥ་རན་སིའི་འཕྲོད་བསྟེན་པུའུ་ཡི་ཁོངས་སུ་གཏོགས་པའི་འཕྲོད་བསྟེན་སྤྱི་ཁྱབ་ཁང་གི་མགོ་བ་སཱ་ལོ་མིན་གྱིས་ཚེས་བཅུ་བཞིའི་ཉིན་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཧྥ་རན་སི་རུ་སྙན་ཞུ་བྱས་པའི་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོས་པའི་ནད་པ་སྟོང་བཞི་དང་ལྔ་བརྒྱ་ཡོད་པ་དང་། དེའི་ནང་ནད་པ་གོ་གཅིག་རྐྱེན་ལམ་དུ་ཤོར་ཡོད་ཟེར། 

ཧྥ་རན་སིའི་འཕྲོད་བསྟེན་སྡེ་ཁག་གི་བསྡོམས་རྩིས་གཞི་གྲངས་གསར་བ་ལྟར་ན། འདས་པའི་དུས་ཚོད་ཉེར་བཞིའི་ནང་ཧྥ་རན་སི་རུ་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོས་པའི་ནད་པ་བརྒྱད་བརྒྱ་དང་སོ་དགུ་འཕར་བ་དང་། ནད་པ་བཅུ་གཉིས་རྐྱེན་ལམ་དུ་ཤོར་ཡོད་ཟེར། 

ཧྥ་རན་སིའི་ཙུང་ལི་ཧྥེ་ལེ་ཕུའུ་ཡིས་ཚེས་བཅུ་བཞི་ཉིན་གྱི་དགོང་མོར་ཁྱབ་སྒྲོག་བྱས་དོན། ཉིན་དེའི་དགོང་མོའི་དུས་ཚོད་བཅུ་གཉིས་ནས་བཟུང་། རྒྱལ་ཡོངས་ཀྱི་ཁྱབ་ཁོངས་ནང་གི་དགོས་པ་ཆེར་མེད་པའི་ཚོང་ར་དང་ཟ་ཁང་། ཆང་ཁང་། ཇ་ཁང་། གློག་བརྙན་ཁང་སོགས་ཀྱི་སྒོ་བརྒྱབ་པ་དང་། ཟས་རིགས་ཀྱི་ཚོང་ཁང་དང་སྨན་རྫས་ཚོང་ཁང་། དངུལ་ཁང་སོགས་ཀྱིས་མུ་མཐུད་དུ་ལས་གཉེར་བྱེད་རྒྱུ་ཡིན་ཟེར།



ལོ་ཙཱ་བ། བསོད་ནམས་ཚེ་རིང་།