ཚེས་བཅུ་བཞི་ཉིན་གྱི་དགོང་མོའི་དུས་ཚོད་བཅུ་གཅིག་དང་ཕྱེད་ཀའི་བར། འཇར་པན་རྒྱལ་ནང་དུ་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོས་པའི་ནད་པ་སྔ་ཉིན་ལས་རེ་གཉིས་འཕར་བ་དང་། རིམ་རྩིས་ཀྱིས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོས་པའི་ནད་པ་བདུན་བརྒྱ་དང་གྱ་དྲུག་ཏུ་སླེབ་ཡོད། རྒྱལ་ནང་དུ་ནད་པ་ཉེར་གཉིས་རྐྱེན་ལམ་དུ་ཤོར།
གཞན་ཡང་འཇར་པན་འབྲེལ་ཡོད་ལས་ཁུངས་ཀྱིས་བསྡོམས་རྩིས་བྱས་པ་ལྟར་ན། ཚེས་བཅུ་བཞི་ཉིན་གྱི་ཉིན་གུང་གི་དུས་ཚོད་བཅུ་གཉིས་བར། འཇར་པན་རྒྱལ་ནང་དུ་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོས་པའི་ནད་པ་བརྒྱ་དང་ཞེ་བཞི་དྲག་སྐྱེད་བྱུང་ནས་སྨན་ཁང་ལས་བུད་པ་དང་། ཕ་ལམ་ཀོང་ཇོ་རྟགས་ཅན་གྱི་སྦྲགས་སྲིད་གྲུ་གཟིངས་སྟེང་གི་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོས་པའི་ནད་པ་དྲུག་བརྒྱ་དང་གོ་བདུན་ཁྲོད་ནས་ནད་པ་བཞི་བརྒྱ་དང་ང་དྲུག་དྲག་སྐྱེད་བྱུང་ཡོད་ཟེར།
འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པའེ་ཅིན་སན་གྱིས་ཚེས་བཅུ་བཞི་ཉིན་གྱི་དགོང་མོར་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བསྟན་དོན། ཕྱི་རྒྱལ་དང་བསྡུར་ན་འཇར་པན་གྱི་ནད་པའི་ཁ་གྲངས་ལ་ཚོད་འཛིན་ཐེབས་ཡོད་པ་དང་། མིག་སྔར་བྲེལ་མྱུར་དོགས་ཟོན་བྱེད་པའི་ཚད་དུ་བསླེབ་མེད་ཟེར། ཁོས་ད་རུང་རིམས་ནད་ལས་རྣམ་པར་རྒྱལ་ནས་ཏུང་ཅིན་གྱི་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་དུས་ལྟར་སྤེལ་ཐུབ་པའི་རེ་བ་ཡོད་ཟེར།
ལོ་ཙཱ་བ། བསོད་ནམས་ཚེ་རིང་།