རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉེ་སྔོན་དབྱི་ཐ་ལིའི་ཙུང་ཐུང་མཱ་ཐ་ལེ་ལཱར་གློག་འཕྲིན་བཏང་སྟེ། ཉེ་སྔོན་དབྱི་ཐ་ལི་རུ་ཏོག་གསར་གློ་ཚད་ཀྱི་རིམས་ནད་བྱུང་བའི་ཐད་ནས། ཀྲུང་གོའི་སྲིད་གཞུང་དང་ཀྲུང་གོའི་མི་དམངས་ཀྱི་ཚབ་མཛད་དེ། དབྱི་ཐ་ལིའི་སྲིད་གཞུང་དང་མི་དམངས་ལ་ལྷག་བསམ་རྣམ་དག་གིས་འཚམས་འདྲི་ཞུས།
ཞི་ཅིན་ཕིང་གིས་འཚམས་འདྲིའི་གློག་འཕྲིན་ནང་ཕན་ཚུན་རྒྱབ་སྐྱོར་དང་མཉམ་ལས་མཉམ་རྒྱལ་ནི་དུས་ནམ་ཡང་ཀྲུང་གོ་དང་དབྱི་ཐ་ལིའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོ་འབྲེལ་བའི་དབྱངས་རྟ་གཙོ་བོ་ཡིན། དབྱི་ཐ་ལི་ཕྱོགས་དཀའ་ངལ་ལ་འཕྲད་པའི་སྐབས་འདིར། ཀྲུང་གོའི་སྲིད་གཞུང་དང་མི་དམངས་ཀྱིས་དབྱི་ཐ་ལི་ཕྱོགས་ཀྱིས་རིམས་ནད་ལ་འགོག་རྒོལ་བྱེད་པར་འགྱུར་མེད་རྒྱབ་སྐྱོར་བྱེད་རྒྱུ་ཡིན་པ་དང་། མཉམ་ལས་དང་རོགས་རམ་བྱེད་འདོད་ཡོད་ཅེས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གིས་མིའི་རིགས་ནི་ལས་སྐལ་གཅིག་མཐུན་གྱི་ཚོགས་པ་ཞིག་ཡིན་པས། མཐུན་སྒྲིལ་རོགས་ལས་བྱས་ན་ད་གཟོད་འཛམ་གླིང་རང་བཞིན་གྱི་ཉེན་ཁ་དང་འགྲན་རྩོད་ལ་ཁ་གཏད་འཇལ་ཐུབ། ཀྲུང་གོ་དང་དབྱི་ཐ་ལི་རྒྱལ་ཁབ་གཉིས་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ལག་རྡང་མཉམ་སྦྲེལ་སྒོས་འབད་བརྩོན་བྱས་ན། དཀའ་ངལ་མཉམ་སེལ་བྱེད་ཐུབ་པ་དང་སྔ་མོ་ནས་རིམས་ནད་ལས་རྒྱལ་ཏེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་དང་འཛམ་གླིང་གི་རྒྱལ་ཁབ་སོ་སོའི་མི་དམངས་ཀྱི་བདེ་ཐང་ལ་མཉམ་དུ་སྲུང་སྐྱོབ་བྱེད་ཐུབ་པ་ཤ་སྟག་ཡིན། ད་ལོ་ནི་ཀྲུང་གོ་དང་དབྱི་ཐ་ལིའི་བར་འབྲེལ་བ་བཙུགས་ནས་ལོ་ལྔ་བཅུ་ལོན་པའི་ལོ་ཡིན་ལ། ཕྱོགས་གཉིས་ཀྱིས་ལག་རྡང་མཉམ་སྦྲེལ་གྱིས་རིམས་ནད་ལ་ཁ་གཏད་འཇལ་བའི་འབད་བརྩོན་ཁྲོད་ནས། ཀྲུང་གོ་དང་དབྱི་ཐ་ལིའི་སྲོལ་རྒྱུན་མཛའ་བརྩེ་སྔར་ལས་སྲ་བརྟན་དུ་འགྲོ་ཐུབ་པ་དང་། མཉམ་ལས་ནང་དོན་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་འགྲོ་ཐུབ་པར་ང་ལ་ཡིད་ཆེས་ཡོད་ཟེར།