རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ་གསུམ་པའི་ཚེས་བཅུ་གསུམ་ཉིན་ཡོ་རོབ་གླིང་ལས་འཛིན་ཚོགས་པའི་ཀྲུའུ་ཞི་མུས་ཞེ་ཨར་དང་ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥིན་ཏི་ལའེ་ཨིན་གཉིས་ལ་གློག་འཕྲིན་བཏང་ནས། ཉེ་སྔོན་ཡོ་རོབ་གླིང་དུ་ཏོག་གསར་གློ་ཚད་ཀྱི་རིམས་ནད་བྱུང་བའི་ཐད་ནས་ཡོ་རོབ་གླིང་མནའ་འབྲེལ་དང་དེའི་ཁོངས་གཏོགས་རྒྱལ་ཁབ་སོ་སོའི་མི་དམངས་ལ་ལྷག་བསམ་རྣམ་དག་གིས་འཚམས་འདྲི་ཞུས།
ཞི་ཅིན་ཕིང་གིས་འཚམས་འདྲིའི་གློག་འཕྲིན་ནང་ནན་གྱིས་བསྟན་དོན། ཉེ་སྔོན་ཡོ་རོབ་གླིང་མནའ་འབྲེལ་དང་ཁོངས་གཏོགས་རྒྱལ་ཁབ་ཀྱིས་ཐབས་ལམ་མང་པོ་བརྒྱུད་ནས་ཀྲུང་གོའི་རིམས་ནད་འགོག་སྡོམ་ཐད་འཚམས་འདྲི་དང་རྒྱབ་སྐྱོར་བྱས་སོང་། མཐུན་སྒྲིལ་ནི་སྟོབས་ཤུགས་ཡིན་པས། དེང་གི་གནས་བབ་འོག་ཏུ། ཀྲུང་གོས་ཡོ་རོབ་གླིང་ཕྱོགས་ཀྱིས་རིམས་ནད་ལ་འགོག་རྒོལ་བྱེད་པར་འགྱུར་མེད་རྒྱབ་སྐྱོར་བྱེད་པ་དང་། ཧུར་ཐག་གིས་རོགས་རམ་བྱས་ཏེ། ཡོ་རོབ་གླིང་སྔ་མོ་ནས་ནད་ཡམས་ལས་རྒྱལ་བར་གཞོགས་འདེགས་བྱེད་འདོད་ཡོད། ཀྲུང་གོས་མིའི་རིགས་ལས་སྐལ་གཅིག་མཐུན་ཚོགས་པའི་ཐུན་མོང་གི་འདུ་ཤེས་རྒྱུན་འཁྱོངས་ཀྱིས་ཡོ་རོབ་གླིང་བར་དུ་ཕྱོགས་གཉིས་དང་རྒྱལ་སྤྱིའི་རིམ་པ་ནས་མཐུན་སྦྱོར་མཉམ་ལས་ལ་ཤུགས་སྣོན་པ་དང་། འཛམ་གླིང་དང་ས་ཁུལ་གྱི་སྤྱི་ཐུན་འཕྲོད་བསྟེན་བདེ་འཇགས་ལ་མཉམ་དུ་སྲུང་སྐྱོབ་བྱས་ཏེ། ཕྱོགས་གཉིས་ཀྱི་མི་དམངས་དང་འཛམ་གླིང་གི་རྒྱལ་ཁབ་སོ་སོའི་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་ལ་སྲུང་སྐྱོབ་བྱེད་འདོད་ཡོད་ཅེས་ནན་གྱིས་བསྟན། ཞི་ཅིན་ཕིང་གིས་ངས་ཀྲུང་གོ་དང་ཡོ་རོབ་གླིང་གི་འབྲེལ་བའི་གོང་འཕེལ་ལ་ཧ་ཅང་མཐོང་ཆེན་བྱེད་བཞིན་ཡོད་པ་དང་། ཡོ་རོབ་གླིང་དང་མཉམ་དུ་འབད་བརྩོན་བྱས་ཏེ། ཀྲུང་གོ་དང་ཡོ་རོབ་གླིང་གི་གྲོགས་པོའི་འབྲེལ་བ་ཆེན་པོ་བཞི་དང་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་ཇེ་ཟབ་ཏུ་བཏང་སྟེ། འཛམ་གླིང་གི་ཞི་བདེ་དང་གཏན་འཇགས། དར་རྒྱས་བཅས་ཀྱི་ཐད་ལ་བྱས་རྗེས་ལེགས་པོ་འབུལ་འདོད་ཡོད་ཅེས་ནན་གྱིས་བསྟན།