ཁོང་ཡུང་གིས་འགོ་འཛིན་བྱས་ཏེ་མཚོ་སྔོན་ཞིང་ཆེན་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་ཆེད་མཁས་པའི་བློ་འདྲི་བཞུགས་མོལ་ཚོགས་འདུ་བསྡུས།
2020.03.17 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 21

ཟླ་གསུམ་པའི་ཚེས་བཅུ་དྲུག་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ། ཞིང་ཆེན་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་བཀོད་འདོམས་དཔོན་པོ་གཞོན་པ་ཁོང་ཡུང་གིས་འགོ་འཛིན་བྱས་ཏེ། ཞིང་ཆེན་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་ཆེད་མཁས་པའི་བློ་འདྲི་བཞུགས་མོལ་ཚོགས་འདུ་བསྡུས་ནས། ཞིང་ཆེན་ཡོངས་ཀྱི་རིམས་ནད་འགོག་སྡོམ་དང་སྤྱིར་བཏང་གི་འགོག་སྡོམ་ས་ཁུལ་ཁག་གཅིག་གི་ཉེན་ཁའི་དཔྱད་འཇོག་གནས་ཚུལ་ཁྱབ་བསྒྲགས་བྱས་ཏེ། མཚོ་སྔོན་ཞིང་ཆེན་གྱི་ས་ཁུལ་ཁག་གཅིག་གི་སྤྱིར་བཏང་འགོག་སྡོམ་ཁུལ་ལེགས་སྒྲིག་བྱེད་པ་དང་རྒྱུན་གཏན་གྱི་འགོག་སྡོམ་ཐད་ཆེད་མཁས་པའི་བསམ་འཆར་དང་གྲོས་གཞིར་ཉན།

ཁོང་ཡུང་གིས་བསྟན་དོན། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་དང་། ས་གནས་དང་སྡེ་ཁག་སོ་སོའི་དཀའ་སྤྱད་འབད་བརྩོན་འོག་ནས། མཚོ་སྔོན་ཞིང་ཆེན་གྱི་རིམས་ནད་འགོག་སྡོམ་གྱི་གནས་བབ་རྒྱུན་མཐུད་ངང་ཇེ་ལེགས་སུ་སོང་ནས། ཉིན་བཞི་བཅུའི་རིང་ལ་བསྟུད་མར་ནད་པ་གསར་པ་བྱུང་མེད་པ་དང་། ནད་འགོས་པའི་ནད་པ་དང་ཉེ་བཅར་མཁན། རིམས་ནད་ཕོག་ས། གཙོ་གནད་འགོག་སྡོམ་ས་ཁུལ། གཙོ་གནད་མིན་པའི་འགོག་སྡོམ་ས་ཁུལ་བཅས་གཙང་བཤེར་ལྔ་དང་མེད་པར་བཟོ་བ་གཅིག་གི་དམིགས་ཚད་མངོན་འགྱུར་བྱུང་ནས། ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་མགྱོགས་མྱུར་ངང་སླར་གསོ་བྱུང་བ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལས་དོན་ལ་གཅིག་གྱུར་སྐུལ་འདེད་བཏང་བར་དུས་རིམ་རང་བཞིན་གྱི་ཕན་འབྲས་ཐོབ་ཡོད་ཟེར།

ཁོང་ཡུང་གིས་ནན་གྱིས་བསྟན་དོན། མིག་སྔར་རིམས་ནད་འགོག་སྡོམ་གྱི་གནས་སྟངས་ལ་དགེ་མཚན་ལྡན་པའི་འགྱུར་ལྡོག་བྱུང་ཡོད་མོད། འོན་ཀྱང་མ་འོངས་པའི་ལས་ཀ་ཡི་རྙོག་འཛིང་རང་བཞིན་ཉིན་རེ་བཞིན་མངོན་གསལ་ཇེ་དོད་དུ་འགྲོ་བཞིན་ཡོད། ཕྱོགས་གཅིག་ནས་ལས་ཐོན་སླར་གསོའི་བྱ་བར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བ་དང་ཆབས་ཅིག མི་འབོར་འགྲོ་འོང་དང་གཅིག་སྡུད་ལས་བྱུང་བའི་མི་མངོན་པའི་ཉེན་ཁ་ཆེ་རུ་ཕྱིན་པ་དང་། ཕྱོགས་གཞན་ཞིག་ནས་རིམས་ནད་ཕྱི་རྒྱལ་ནས་ནང་ལ་མཆེད་པའི་གནོན་ཤུགས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད། ས་གནས་དང་སྡེ་ཁག་སོ་སོས་རིམས་ནད་གནས་ཚུལ་ལ་མུ་མཐུད་ཚད་མཐོའི་དོགས་ཟོན་བྱས་ཏེ། “ཕྱི་ཕྱོགས་ལ་དོ་དམ་ནན་མོ་བྱེད་པ་དང་། ནང་ཁུལ་ཇེ་ལྷོད་དུ་གཏོང་བ། གནད་འཁེལ་ཇུས་བསྟར་བྱེད་པ”བཅས་ཀྱི་རྩ་དོན་གཞིར་བཟུང་ནས། ཕྱི་ནས་ནང་ལ་མཆེད་པ་དང་ནང་ནས་ཕན་ཚུན་ཁྱབ་པར་འགོག་པའི་ལས་དོན་ཏན་ཏིག་ངང་ཡག་པོར་བསྒྲུབ་ནས། མི་ཚོགས་འདུ་ས་གཙོ་བོ་དང་གཙོ་གནད་ཁུལ་གྱི་མི་སྣར་དོ་དམ་ཚོད་འཛིན་དང་རིམས་ནད་ལྟ་ཞིབ་ཚད་ལེན་བྱ་རྒྱུར་མུ་མཐུད་ཤུགས་སྣོན་པ་དང་། ས་ཁུལ་དང་རིམ་པ་དགར་བ། གཙོ་གནད་མངོན་གསལ་དོད་པ། ཚན་རིག་དང་མཐུན་ཞིང་ཁྲིམས་ལྟར་རིམས་ནད་འགོག་སྡོམ་གྱི་ལས་དོན་ཡག་པོར་བསྒྲུབ་པ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ལ་གཅིག་གྱུར་དམ་འཛིན་ཡག་པོ་བྱེད་པ། ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་ཁྱོན་ཡོངས་ནས་སླར་གསོ་ཡོང་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་ཟེར།

བན་དེ་སྐྱབས་ཀྱིས་བསྒྱུར།