ཟླ་གསུམ་པའི་ཚེས་བཅོ་ལྔ་ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་སློབ་ཆེན་གྱི་ཧུའུ་པེ་ཞིང་ཆེན་ལ་རོགས་སྐྱོར་བྱེད་པར་སོང་བའི་དགུ་བཅུ་ལོའི་རྗེས་སུ་སྐྱེས་པའི་ཏང་ཡོན་ཡོངས་ལ་འཕྲིན་ལན་བསྐུར་ཏེ། ཁོ་ཚོ་དང་རིམས་ནད་འགོག་བཅོས་ཀྱི་འཐབ་ཕྱོགས་དང་པོ་རུ་འབད་འཐབ་བྱེད་བཞིན་པའི་རྒྱ་ཆེའི་ན་གཞོན་རྣམས་ལ་ལྷག་བསམ་རྣམ་དག་སྒོས་འཚམས་འདྲི་ཞུས།
ཞི་ཅིན་ཕིང་གིས་འཕྲིན་ཡིག་ནང་བསྟན་དོན། ཏོག་གསར་གློ་ཚད་རིམས་ནད་ཀྱི་འགོག་བཅོས་ཚོད་འཛིན་འཐབ་རྩོད་ཁྲོད་དུ་ཁྱོད་ཚོ་ན་གཞོན་རྣམས་ཀྱིས་རིམས་ནད་འགོག་བཅོས་ཀྱི་འཐབ་ཕྱོགས་དང་པོ་རུ་འབད་འཐབ་བྱེད་བཞིན་པའི་རྒྱ་ཆེའི་རིམས་ནད་འགོག་སྲུང་མི་སྣ་དང་མཉམ་དུ་དཀའ་ཁག་ལ་མ་འཛེམ་པར་མདུན་དུ་བསྐྱོད་དེ་རིམས་ནད་འགོག་བཅོས་བྱ་བ་བསྒྲུབས་པ་དེ་ལས་ན་གཞོན་གྱི་སྤོབས་སེམས་དང་ནུས་ཤུགས་གང་ལེགས་སྒོས་མངོན་པར་བྱས་པ་དང་གྲུབ་འབྲས་ཉམས་དགའ་བ་བླངས་ཡོད། རྒྱ་ཆེའི་ན་གཞོན་རྣམས་ཀྱི་དོན་དངོས་བྱ་སྤྱོད་ལས་དུས་རབས་གསར་བའི་ཀྲུང་གོའི་ན་གཞོན་གྱིས་འགན་འཁྲི་ལྗིད་མོ་ཁག་ཁུར་བྱེད་ཐུབ་པ་བདེན་དཔང་བྱས་ཡོད་ཟེར།
ཞི་ཅིན་ཕིང་གིས་བསྟན་དོན། ཐེངས་འདིའི་རིམས་ནད་འགོག་རྒོལ་ཁྲོད་དུ་དགུ་བཅུ་ལོའི་རྗེས་སུ་སྐྱེས་པ་འཐུས་ཚབ་ཡིན་པའི་ན་གཞོན་རྣམས་ཀྱིས་སྤོབས་པ་ཆེར་བསྐྱེད་སྒོས་ལས་འགན་དང་ལེན་བྱས་པ་དང་བྱས་རྗེས་ཚད་མེད་བཞག་པ་དེ་ལས་དུས་རབས་གསར་བའི་ཀྲུང་གོའི་ན་གཞོན་གྱི་བླ་མེད་སྙིང་སྟོབས་མཚོན་པར་བྱས་ཡོད། ཧུའུ་པེ་ཞིང་ཆེན་དུ་རོགས་སྐྱོར་བྱེད་པར་སོང་བའི་སྨན་བཅོས་མི་སྣ་ཁྲི་བཞི་དང་སྟོང་གཉིས་ལྷག་གི་ཁྲོད་ཀྱི་མི་ཁྲི་གཅིག་དང་སྟོང་གཉིས་ལྷག་ནི་དགུ་བཅུ་ལོའི་རྗེས་སུ་སྐྱེས་པ་ཡིན་ལ། དེའི་ཁྲོད་ཀྱི་མི་སྐོར་ཞིག་ནི་གོ་ལྔ་ལོའི་རྗེས་དང་ཐ་ན་ཉིས་སྟོང་ལོའི་རྗེས་སུ་སྐྱེས་པ་ཡིན། ཉེ་ལམ་པེ་ཅིན་སློབ་ཆེན་གྱི་ཧུའུ་པེ་ཞིང་ཆེན་ལ་རོགས་སྐྱོར་བྱེད་པར་སོང་བའི་དགུ་བཅུ་ལོའི་རྗེས་སུ་སྐྱེས་པའི་ཏང་ཡོན་སོ་བཞིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་འཕྲིན་ཡིག་བསྐུར་ཏེ། རིམས་ནད་འགོག་བཅོས་ཀྱི་འཐབ་ཕྱོགས་དང་པོ་རུ་ཚེ་སྲོག་མྱུར་སྐྱོབ་བྱས་པའི་གནས་ཚུལ་ཡར་ཞུ་བྱས་པ་དང་། དེ་ལས་མུ་མཐུད་དུ་ཏང་ཡོན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་རིམས་ནད་འགོག་རྒོལ་ཐད་ནས་རྣམ་པར་རྒྱལ་ཐུབ་པའི་ཆོད་སེམས་བརྟན་པོ་ཡོད་པ་མཚོན་པར་བྱས།