ཀུག་ཆེ་གེ་མོར་ལོ་གཅིག་གི་ཁྲིམས་ཐག་བཅད།
2020.03.18 ཁུངས། ཀློག་གྲངས། 6

ཧོང་ཀྲུང་རྫོང་ཁྲིམས་ཁང་གིས་ཚང་མས་རིམས་འགོག་བྱེད་དུས་འགོ་ནད་འགོག་བཅོས་ཐད་གནོད་འཚེའི་ཉེས་དོན་བསགས་པའི་གྱོད་གཞི་ཐག་གཅོད་བྱས།

གངས་ལྗོངས་མེ་ལོང་དྲ་བའི་འཕྲིན། ཟླ3པའི་ཚེས17ཉིན་གྱི་སྔ་དྲོར། ཧོང་ཀྲུང་རྫོང་མི་དམངས་ཁྲིམས་ཁང་གིས་སྤྱི་བསྒྲགས་ཀྱིས་ཚང་མས་རིམས་འགོག་བྱེད་དུས་འགོ་ནད་འགོག་བཅོས་ཐད་གནོད་འཚེའི་ཉེས་དོན་བསགས་པའི་གྱོད་གཞི་ཞིབ་གཅོད་བྱས་ཤིང་། གཏུག་ཡ་ཀུག་ཆེ་གེ་མོས་འགོ་ནད་འགོག་བཅོས་གནོད་འཚེའི་ཉེས་པ་བསགས་པར་ཁྲིམས་ཐག་བཅད་པར་མ་ཟད། དུས་བཀག་བཙོན་འཇུག་ལོ་གཅིག་གི་ཁྲིམས་ཐག་བཅད།


ཁྲིམས་ཁང་གིས་ཞིབ་བཅད་རྩད་ཆོད་བྱུང་བ་ནི།

གཏུག་ཡ་ཀུག་ཆེ་གེ་མོ་ནི2020ལོའི་ཟླ་དང་པོའི་ཚེས16ཉིན། མེ་འཁོར་ལ་བསྡད་ནས་ཝུའུ་ཧན་ནས་ཟི་ལིང་ལོག་ཅིང་། ཟླ་དང་པོའི་ཚེས17ཉིན་གྱི་ཆུ་ཚོད19སྟེང་ཟི་ལིང་དུ་འབྱོར། དེ་ནས་སྡེ་བ་གཅིག་པའི་སྒེར་འཁོར་ཞིག་ལ་བསྡད་ནས་ཧོང་ཀྲུང་རྫོང་ལི་ཀྱཱ་ཧྲན་གྲོང་རྡལ་གྱི་ཁྱིམ་དུ་ཕྱིན། ཟླ་དང་པོའི་ཚེས18ཉིན་ཟི་ལིང་གྲོང་ཁྱེར་མཁར་ཤར་ཁུལ་གྱི་ནུ་བོའི་ཁྱིམ་ནས་ཞག་གཅིག་བསྡད། ཟླ་དང་པོའི་ཚེས19ཉིན་ལི་ཀྱཱ་ཧྲན་གྲོང་རྡལ་གྱི་སྡེ་བའི་སྨན་ཁང་དུ་ཆམ་ནད་ཕོག་པར་བརྫུས་ནས་སྨན་པ་བསྟེན། སྨན་པས་ཟི་ལིང་ལ་ནམ་འབྱོར་འདྲི་དུས། ཀུག་ཆེ་གེ་མོས་རྫུན་བཤད་ནས་ཟི་ལིང་ལ་འབྱོར་ནས་ཉིན40ལྷག་འགོར་ཡོད་ཅེས་བཤད། བར་སྐབས་དེར། ཀུག་ཆེ་གེ་མོས་རང་འགུལ་གྱིས་ཁྱིམ་ནས་ལོགས་བཀར་མི་བྱེད་པར་གང་འདོད་ཀྱིས་ཤ་ཉེ་འབྲེལ་མང་པོར་འཚམས་འདྲིར་ཕྱིན། ཟླ་དང་པོའི23ཉིན། སྡེ་བའི་སྡེ་ཨུ་ཡིས་ཞིང་ཆེན་དང་གྲོང་ཁྱེར། རྫོང་རིམས་འགོག་ཚོད་འཛིན་གྱི་རེ་བ་ལྟར། ཝུའུ་ཧན་ནས་ཟི་ལིང་ལ་ལོག་པའི་མི་སྣར་རྩད་ཞིབ་ཐོ་འགོད་བྱས་པར། ཀུག་ཆེ་གེ་མོས་རེ་བ་ལྟར་ཐོ་འགོད་མ་བྱས། ཟླ་དང་པོའི་ཚེས25ཉིན། གྲོང་རྡལ་དང་སྡེ་བའི་སྨན་བཅོས་མི་སྣ་དང་། སྡེ་བའི་ལས་བྱེད་ཀུག་ཆེ་གེ་མོའི་ཁྱིམ་དུ་ཕྱིན་ནས་རིམས་ནད་རྩད་གཅོད་བྱེད་དུས། ཀུག་ཆེ་གེ་མོས་རང་ཉིད་ཕ་ཡུལ་དུ་ལོག་ནས་ཉིན40ལྷག་འགོར་ཡོད་ཅེས་རྫུན་བཤད་ཅིང་། མེ་འཁོར་འཛིན་ཡིག་མེད་བརླག་ཏུ་བཟོས། ཀུག་ཆེ་གེ་མོས་རང་ཉིད་ཀྱི་ལུས་པོ་མི་བདེ་བ་ཤེས་ནས། ཟླ་དང་པོའི་ཚེས27ཉིན་རང་གི་ནུ་མོ་སོགས་ཁྱིམ་མི་རྣམས་ཀྱི་འགྲོ་རོགས་འོག་མཚོ་སྔོན་རྒྱ་གྲམ་དམར་པོ་སྨན་ཁང་དུ་སྨན་པ་སྟོན་དུ་སོང་དུས། ཏོག་གསར་གློ་ཚད་ཀྱི་དོགས་ཡོད་ནད་ལ་ངོས་འཛིན་བྱས། ཟླ་དང་པོའི་ཚེས30ཉིན། ཏོག་གསར་གློ་ཚད་འགོས་པར་ངོས་འཛིན་བྱས། དེའི་རྐྱེན་གྱིས་སྡེ་མི་སོགས་མི900ལྷག་ཚང་མ་ལོགས་བཀར་བྱས་ཤིང་། འབྲེལ་འདྲིས་བྱས་པའི་མིའི་ཁྲོད་མི3ལ་ཏོག་གསར་གློ་ཚད་འགོས་ཡོད་པར་ཐག་བཅད་དེ་སྨན་ཁང་དུ་བསྡད་ནས་སྨན་བཅོས་བྱས།

ཁྲིམས་ཁང་གིས་ཞིབ་བཅད་བྱས་པ་ནི།

གཏུག་ཡ་ཀུག་ཆེ་གེ་མོས་འགོ་ནད་འགོག་བཅོས་ཁྲིམས་དང་སྒྲིག་འགལ་བྱས་ཤིང་། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཚོགས་ཀྱིས་ཏོག་གསར་གློ་ཚད་རིགས་ཀ་བའི་འགོ་ནད་སྔོན་འགོག་དང་། ཚོད་འཛིན་བྱེད་ཐབས་ལག་བསྟར་བྱས་རྗེས། སྔོན་འགོག་དང་ཚོད་འཛིན་བྱེད་ཐབས་ལག་བསྟར་མི་བྱེད་པར། ནད་དུག་འགོ་ཁྱབ་ཀྱི་ཉེན་ཁ་བསླངས་པས། ཁོས་བྱ་སྤྱོད་ནི་འགོ་ནད་འགོག་བཅོས་གནོད་འཚེའི་ཉེས་པར་གྲུབ་པ་རེད། གཏུག་ཡ་ཀུག་ཆེ་གེ་མོ་ཁྲིམས་ལ་སྦྱར་རྗེས་རང་ཉིད་ཀྱི་ཉེས་བསགས་རང་སྐྱོན་ཁས་ལེན་བྱེད་ཅིང་། ཉེས་པ་དང་ཁྲིམས་ཆད་ཁས་ལེན་བྱེད་ལ། ཉེས་པ་དང་ཁྲིམས་ཆད་ཁས་ལེན་གྱི་འགན་ལེན་ཡི་གེར་མིང་རྟགས་བཀོད་ཚེ། ཁྲིམས་ལྟར་ཁྲིམས་ཆད་ཇེ་ཡང་དུ་གཏང་ཆོག་པས། ཁྲིམས་ལྟར་གོང་བརྗོད་ཀྱི་ཁྲིམས་ཐག་བཅད་པ་རེད། ཁྲིམས་ཐག་བཅད་རྗེས། གཏུག་ཡ་ཀུག་ཆེ་གེ་མོས་ཁྲིམས་ཁང་ནས་ཁྲིམས་ཆད་ཁས་ལེན་ལ་གོང་གཏུག་མི་བྱ་ཞེས་བཤད།