ཟླ་གསུམ་པའི་ཚེས་བཅུ་བདུན་ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དུས་བཅད་ལྟར་སི་ཕན་གྱི་དབུ་བཞུགས་བློན་ཆེན་སང་ཆེ་སི་ལ་ཁ་པར་བཏང་།
ཞི་ཅིན་ཕིང་གིས་གསུངས་རྒྱུར། ཉེ་ལམ་སི་ཕན་རྒྱལ་ཁབ་ཏུ་ཏོག་གསར་གློ་ཚད་རིམས་ནད་རྒྱ་ཡན་དུ་འགྲོ་བཞིན་ཡོད་པས། བདག་གིས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་བྱས་ཏེ་སི་ཕན་སྲིད་གཞུང་དང་མི་དམངས་ལ་ལྷག་བསམ་རྣམ་དག་སྒོས་འཚམས་འདྲི་ཞུ་བ་ཡིན། རྒྱལ་ཡོངས་ཀྱི་གོང་འོག་ཚང་མས་མཉམ་དུ་འབད་བརྩོན་བྱས་འོག ཀྲུང་གོའི་རིམས་ནད་འགོག་བཅོས་ཚོད་འཛིན་ཐད་ནས་གྲུབ་འབྲས་མངོན་གསལ་ཐོབ་པ་དང་། ཆེས་དཀའ་ཚེགས་ཆེ་བའི་དུས་སྐབས་ལས་ཡོངས་སུ་ཐར། ད་ལྟ་གློ་ཚད་རིམས་ནད་དེ་རྒྱལ་ཁབ་གང་མང་དུ་བྱུང་དང་འབྱུང་བཞིན་ཡོད་པས། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་སོ་སོ་དང་མཉམ་དུ་རྒྱལ་སྤྱིའི་མཉམ་ལས་རྒྱ་བསྐྱེད་པར་མ་ཟད། ནུས་ཤུགས་གང་ཡོད་སྒོས་རོགས་སྐྱོར་བྱེད་འདོད་ཡོད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ལག་རྡང་སྦྲེལ་ཏེ་སྒོ་འབྱེད་མཉམ་ལས་ཀྱི་བྱ་སྤྱོད་དངོས་ལ་བརྟེན་ནས་རིམས་ནད་འགོག་རྒོལ་བྱ་བ་དམ་འཛིན་བྱས་ནས། རྒྱལ་སྤྱིའི་འཕྲོད་བསྟེན་བདེ་འཇགས་མཉམ་དུ་སྲུང་སྐྱོབ་བྱེད་དགོས་ཟེར།
སང་ཆེ་སི་ཡིས་བཤད་རྒྱུར། དེང་སྐབས་སི་ཕན་རྒྱལ་ཁབ་ཀྱི་རིམས་ནད་གནས་བབ་ཧ་ཅང་ཛ་དྲག་ཆེ་པ་དང་། ཀྲུང་གོ་ཕྱོགས་ཀྱིས་དུས་ཐོག་ཏུ་སི་ཕན་ལ་མྱུར་མཁོའི་སྨན་རྫས་འདོན་སྤྲོད་བྱས་པ་དེ་ལས་སི་ཕན་མི་དམངས་ལ་བརྩེ་སེམས་ཟབ་མོ་བཅངས་ཡོད་པ་གང་ལེགས་སྒོས་མཚོན་ཡོད་པས། སི་ཕན་མི་དམངས་ཀྱིས་བཀའ་དྲིན་ཆེ་ཞུ་བ་ཡིན། སི་ཕན་སྲིད་གཞུང་གིས་སྟོབས་ཤུགས་ཡོད་རྒུ་བཏོན་ནས་སི་ཕན་ན་སྡོད་པའི་ཀྲུང་གོའི་སྤྱི་དམངས་ཀྱི་བདེ་ཐང་བདེ་འཇགས་སྲུང་སྐྱོབ་བཟང་བོ་བྱེད་པ་ཡིན། རིམས་ནད་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་མདུན་དུ་ལྷགས་པའི་ཐུན་མོང་གི་འགྲན་རྩོད་ཡིན་པས། རྒྱལ་ཁབ་སོ་སོས་མཉམ་ཤུགས་གཅིག་བསྡུས་སྒོས་ཁ་གཏད་འཇལ་དགོས། སི་ཕན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཁྱབ་ཁོངས་སོ་སོའི་བརྗེ་རེས་མཉམ་ལས་གཏིང་ཟབ་ཏུ་སྤེལ་འདོད་ཡོད་ཟེར།