འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཀྲུང་གོར་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོས་པའི་ནད་པ་གཅིག་ཀྱང་ཇེ་མང་དུ་མ་སོང་བ་ནི་ཧ་ལས་པའི་གྲུབ་འབྲས་ཤིག་ཡིན་པར་བརྗོད།
2020.03.20 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 18

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཐན་ཏི་སེ་ཡིས་ཚེས་བཅུ་དགུའི་ཉིན་རི་ནེ་ཝ་ནས་བསྟན་དོན། ཀྲུང་གོས་ཐོག་དང་པོར་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོས་པའི་ནད་པ་གཅིག་ཀྱང་བྱུང་མེད་པ་སྙན་ཞུ་བྱས་ཡོད་ལ། དེ་ནི་ཧ་ལས་པའི་གྲུབ་འབྲས་ཤིག་རེད་ཟེར། 

ཐན་ཏི་སེ་ཡིས་ཉིན་དེར་རྒྱུན་སྲོལ་གྱི་རིམས་ནད་སྙན་ཞུའི་ཚོགས་འདུའི་སྟེང་བཤད་རྒྱུར། མིག་སྔར་འཛམ་གླིང་ཡོངས་སུ་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོས་པའི་ནད་པ་འབུམ་གཉིས་ལས་བརྒལ་ཡོད་པ་དང་། ནད་པ་སྟོང་བརྒྱད་ལྷག་རྐྱེན་ལམ་དུ་ཤོར་ཡོད་ཀྱང་། ཀྲུང་གོས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོས་པའི་ནད་པ་གཅིག་ཀྱང་བྱུང་མེད་པ་སྙན་ཞུ་བྱས་པ་ནི་ཧ་ལས་པའི་གྲུབ་འབྲས་ཤིག་རེད་ཟེར། 

ཐན་ཏི་སེ་ཡིས་བཤད་རྒྱུར། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་རྒྱལ་ཁབ་རེ་བརྒྱད་དུ་མི་སྒེར་གྱི་འགོག་སྲུང་ལྭ་བ་བསྐྱལ་ཡོད་པ་དང་། རྒྱལ་ཁབ་ཉི་ཤུ་རུ་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་ཀྱི་ཚད་འཇལ་དཔྱད་ཆས་ས་ཡ་གཅིག་དང་འབུམ་ལྔ་ལྷག་བསྐྱལ་ཡོད་ཟེར། 

ཐན་ཏི་སེ་ཡིས་བཤད་རྒྱུར། མིག་སྔར་རྒྱལ་ཁབ་མང་བོར་ཚད་འཇལ་ཞིབ་བཤེར་སྒྲིག་ཆས་དང་མི་སྒེར་གྱི་འགོག་སྲུང་སྒྲིག་ཆས་སོགས་ཀྱི་དགོས་མཁོ་ཧ་ཅང་ཆེ། མ་འོངས་པར་དངོས་རྫས་དང་ཡོ་བྱད་དཀོན་པ་ནི་སྔར་བཞིན་འགྲན་རྩོད་ཅིག་ཡིན་ལ། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་སྒེར་གཉེར་སྡེ་ཁག་གི་རྒྱབ་སྐྱོར་ཐོབ་པར་བརྩོན་ལེན་བྱེད་བཞིན་ཡོད་ཟེར། 

ཁོས་བསྟན་དོན། ཀྲུང་གོས་ཏོག་དབྱིབས་ནད་དུག་གསར་བའི་གཞི་རྒྱུའི་རིམ་པ་མཉམ་སྤྱོད་བྱས་ནས་ཉིན་དྲུག་ཅུའི་རྗེས་སུ། ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་ཀྱི་འགོག་སྨན་ཐོག་མ་ཚོད་ལྟ་བྱེད་མགོ་བརྩམས། དང་བླངས་མཁན་ཞིག་གིས་འགོག་སྨན་གྱི་ཚོད་ལྟ་དང་ལེན་བྱས་ཡོད། དེ་ནི་སྔ་ན་མེད་པའི་ཚན་རིག་གི་རྒྱལ་ཁ་ཞིག་ཡིན་ཟེར།



ལོ་ཙཱ་བ། བསོད་ནམས་ཚེ་རིང་།