རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་བཅུ་དགུ་ཉིན་གྱི་དགོང་མོར་དུས་བཅད་ལྟར་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་ལ་ཁ་པར་བཏང་།
ཞི་ཅིན་ཕིང་གིས་བསྟན་དོན། ཐེངས་འདིའི་ཏོག་གསར་གློ་ཚད་ཀྱི་རིམས་ནད་ཧ་ཅང་ཚབས་ཆེ་བས། ཀྲུང་གོས་ངེས་པར་དུ་དཀའ་ངལ་གདོང་གིས་བསུས་ནས་ཞུམ་པ་མེད་པར་ཁ་གཏད་འཇལ་བ་ཡིན་ལ། རྒྱུ་མཚན་ནི་ཀྲུང་གོའི་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་ལ་འབྲེལ་བ་ཡོད་པར་མ་ཟད། འཛམ་གླིང་ཡོངས་ཀྱི་སྤྱི་ཐུན་འཕྲོད་བསྟེན་བདེ་འཇགས་ལ་འབྲེལ་བ་ཡོད་པས་ཡིན། དཀའ་སྤྱད་འབད་བརྩོན་བྱས་པ་བརྒྱུད་དེ། དེང་སྐབས་ཀྲུང་གོའི་རྒྱལ་ནང་གི་རིམས་ནད་གནས་བབབ་བསྟུད་མར་ཇེ་བཟང་དུ་སོང་བ་དང་། ཐོན་སྐྱེད་འཚོ་བའི་སྒྲིག་ལམ་མྱུར་དུ་སླར་གསོ་བྱེད་བཞིན་ཡོད། ང་ཚོར་རིམས་ནད་འགོག་རྒོལ་གྱི་དམག་འཐབ་ལས་རྣམ་པར་རྒྱལ་བའི་ཡིད་ཆེས་དང་ནུས་པ། གདེང་ཚོད་བཅས་ཡོད། ཀྲུང་གོས་ཨུ་རུ་སི་དང་བཅས་པའི་རྒྱལ་ཁབ་སོ་སོ་དང་མཉམ་དུ། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པའི་འདུ་ཤེས་གཞིར་བྱས་ཏེ་རྒྱལ་སྤྱིའི་རིམས་འགོག་མཉམ་ལས་ལ་ཤུགས་སྣོན་པ་དང་། འགོག་སྡོམ་དང་སྐྱོབ་བཅོས་ཀྱི་ཉམས་མྱོང་མཉམ་སྤྱོད་བྱེད་པ། མཉམ་འབྲེལ་གྱིས་ཚན་རིག་ཞིབ་འཇུག་གི་འགག་སྒོ་གཏོར་བ། ལག་གདང་མཉམ་སྦྲེལ་གྱིས་ཐུན་མོང་གི་འཇིགས་སྣང་དང་འགྲན་རྩོད་ལ་ཁ་གཏད་འཇལ་བ་བཅས་བྱས་ཏེ། འཛམ་གླིང་ཡོངས་ཀྱི་སྤྱི་ཐུན་འཕྲོད་བསྟེན་བདེ་འཇགས་ལ་སྲུང་སྐྱོབ་བྱེད་དགོས་ཟེར།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། རིམས་ནད་འགོག་རྒོལ་གྱི་དམིགས་བསལ་གྱི་སྐབས་འདིར། ཀྲུང་གོ་དང་ཨུ་རུ་སིས་ཕན་ཚུན་རྒྱབ་སྐྱོར་དང་ཕན་ཚུན་རོགས་རམ་བྱས་ཏེ། མཉམ་ལས་དམ་པོ་བྱས་པ་ལས་དུས་རབས་གསར་བའི་ཀྲུང་གོ་དང་ཨུ་རུ་སིའི་འབྲེལ་བའི་ཆུ་ཚད་མཐོན་པོ་མཚོན་ཡོད། ཀྲུང་གོ་དང་ཨུ་རུ་སིའི་མཉམ་ལས་ཀྱི་རྨང་གཞི་བརྟན་པ་དང་ནང་གནས་སྒུལ་ཤུགས་ཧ་ཅང་ཆེ། ཕྱོགས་གཉིས་ཀྱིས་ཀྲུང་གོ་དང་ཨུ་རུ་སིའི་ཚན་རྩལ་གསར་གཏོད་ལོ་དེ་གོ་སྐབས་སུ་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་གྲུབ་འབྲས་སྔར་ལས་མང་བོ་ལེན་དགོས། ཀྲུང་གོས་ཨུ་རུ་སིས་རྒྱལ་ཁབ་ཀྱི་ཡུན་སྐྱོང་བདེ་འགོད་མངོན་འགྱུར་བྱེད་པར་སྤྱོད་པའི་བྱེད་ཐབས་གལ་ཆེན་ལ་རྒྱབ་སྐྱོར་ལྷོད་མེད་བྱེད་པ་ཡིན་ལ། ཙུང་ཐུང་ཕུའུ་ཅིན་གྱི་འགོ་ཁྲིད་འོག་ཏུ། ཨུ་རུ་སིའི་མི་དམངས་ཀྱིས་མུ་མཐུད་དུ་རྒྱལ་ཁབ་རང་གི་གནས་ཚུལ་དང་མཐུན་པའི་འཕེལ་རྒྱས་བགྲོད་ལམ་སྟེང་མཐུན་སྒྲིལ་མདུན་སྐྱོད་བྱས་ཏེ་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་ལེན་ཐུབ་པར་ཡིད་ཆེས་ཡོད་ཟེར།
ཕུའུ་ཅིན་གྱིས་བསྟན་དོན། ཀྲུང་གོ་སྲིད་གཞུང་གིས་རིམས་ནད་འགོག་རྒོལ་ཐད་ཕན་འབྲས་མངོན་པར་གསལ་བའི་བྱེད་ཐབས་སྤྱད་ནས། རྒྱལ་ནང་གི་རིམས་ནད་ལ་ཚོད་འཛིན་བྱས་པར་མ་ཟད། འཛམ་གླིང་མི་དམངས་ཀྱི་བདེ་ཐང་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པར་བྱས་རྗེས་གལ་ཆེན་བཞག་ཡོད། ཨུ་རུ་སི་ཕྱོགས་ཀྱིས་ཀྲུང་གོའི་འབད་བརྩོན་ལ་གཟེངས་བསྟོད་ཆེན་པོ་བྱེད་བཞིན་པར་མ་ཟད་དེར་དགའ་སྤྲོ་སྐྱེས་ཡོད། ཀྲུང་གོས་རིམས་ནད་བྱུང་བའི་རྒྱལ་ཁབ་ལ་མྱུར་དུ་རོགས་སྐྱོར་གྱི་ཕྱག་ཟུང་བརྐྱངས་ཏེ། རྒྱལ་སྤྱིའི་སྤྱི་ཚོགས་ལ་མིག་དཔེ་བཟང་བོ་བསྟན་ཡོད། ཀྲུང་གོའི་འགུལ་སྐྱོད་དེས་རྒྱལ་ཁབ་ལ་ལས་ཀྲུང་གོར་བརྙད་བརྐོས་པ་དང་ཀྲུང་གོའི་མཚན་སྙན་བརྫད་པར་ལན་གསལ་བོ་བཏབ་པ་རེད། ཨུ་རུ་སི་ཕྱོགས་ཀྱིས་ཀྲུང་གོའི་བར་དུ་རིམས་ནད་འགོག་རྒོལ་ཐད་ནས་ཕན་ཚུན་རྒྱབ་སྐྱོར་དང་མཉམ་ལས་དམ་པོ་བྱས་ཏེ། ཨུ་རུ་སི་དང་ཀྲུང་གོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ལས་གྲོགས་པོའི་འབྲེལ་བ་རྒྱུན་ཆད་མེད་པར་ཇེ་ཟབ་ཏུ་གཏོང་འདོད་ཡོད་ཟེར།