ཟླ3པའི་ཚེས26ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱིའི་ལས་འཛིན་ཐན་ཏི་སའེ་ལ་འཕྲིན་ལན་བསྐུར་ནས། ཐན་ཏི་སའེ་ཡིས་འཛམ་གླིང་གི་པྲོག་གསར་གློ་ཚད་ཀྱི་རིམས་ནད་འགོག་རྒོལ་ཐད་འབད་བརྩོན་བྱས་པར་གཟེངས་བསྟོད་བྱས་པ་དང་། ཀྲུང་གོས་མུ་མཐུད་དུ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རིམས་ནད་འགོག་རྒོལ་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུའི་ཚུལ་བསྟན།
ཟླ3པའི་ཚེས17ཉིན། ཐན་ཏི་སའེ་ཡིས་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ལ་འཕྲིན་ཡིག་བསྐུར་ནས། ཀྲུའུ་ཞི་ཞི་ཅིན་ཕིང་གི་ཁྱད་དུ་འཕགས་པའི་མགོ་ཁྲིད་འོག་ཏུ། ཀྲུང་གོས་པྲོག་གསར་གློ་ཚད་ཀྱི་རིམས་ནད་འགོག་རྒོལ་ཐད་མི་ཀུན་ཡ་མཚར་བར་བྱེད་པའི་འབད་བརྩོན་བྱས། ཀྲུང་གོ་སྲིད་གཞུང་གི་ཆོད་སེམས་བརྟན་པོ་དང་ཀྲུང་གོའི་མི་དམངས་ཀྱི་ཕངས་མེད་འབད་བརྩོན་ལ་བརྟེན་ནས། པྲོག་གསར་གློ་ཚད་ཀྱི་རིམས་དེ་ཀྲུང་གོ་ནས་མགྱོགས་མྱུར་ངང་ཡོངས་སུ་ཟློག་ཐུབ་པར་གྱུར། འདིས་རྒྱལ་སྤྱིའི་སྤྱི་ཚོགས་ལ་གཙོ་གནད་གསལ་བོ་ཡིན་ལ་སྟོབས་ཤུགས་གཅིག་ཏུ་བསྡུས་ན། རིམས་ནད་ཀྱི་འཕེལ་ཕྱོགས་བསྒྱུར་ཐུབ་པ་གསལ་མཚོན་བྱས་ཡོད། ངས་ད་དུང་ཀྲུང་གོའི་སྲིད་གཞུང་གིས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དང་རྒྱལ་སྤྱིའི་རིམས་འགོག་བྱ་བར་མ་དངུལ་གྱིས་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཟབ་མོ་ཞུས་པ་ཡིན། དགེ་བའི་ལས་འདི་ཡིས་འཛམ་གླིང་ཡོངས་ཀྱི་མཐུན་སྒྲིལ་རོགས་རེས་ཀྱི་དགོངས་པ་མཚོན་ཡོད་ལ། རིམས་ནད་འདི་མྱུར་དུ་འགོག་པར་ནུས་པ་གལ་ཆེན་ཐོན་ཡོད་ཟེར།
ཞི་ཅིན་ཕིང་གིས་འཕྲིན་ལན་ནང་དུ་ཐན་ཏི་སའེ་དང་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཀྲུང་གོར་མཉམ་ལས་དམ་པོ་བྱས་ཏེ་རིམས་ནད་འགོག་རྒོལ་བྱས་པར་གཟེངས་བསྟོད་ཆེན་པོ་གནང་བ་དང་། འཕྲིན་ལན་ནང་དུ་དེང་སྐབས་ཀྲུང་གོའི་རིམས་ནད་འགོག་སྡོམ་གནས་བབ་བསྟུད་མར་བཟང་ཕྱོགས་སུ་འཕེལ་བ་དང་། ཐོན་སྐྱེད་འཚོ་བའི་སྒྲིག་ལམ་མྱུར་དུ་སླར་གསོ་བྱེད་པའི་རྣམ་པ་རྒྱུན་མ་ཆད་པར་སྲ་བརྟན་དང་རྒྱ་བསྐྱེད་བྱས་ཏེ། འགོག་སྡོམ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་བྱ་བ་གཅིག་གྱུར་གྱིས་སྤེལ་བར་ཕན་འབྲས་ལེགས་པོ་བླངས་ཡོད། ང་ཚོས་རྒྱལ་ཁབ་ཕྱི་ནང་གི་རིམས་ནད་འགོག་སྡོམ་དང་དཔལ་འབྱོར་གནས་བབ་ཀྱི་དུས་རིམ་རང་བཞིན་གྱི་འགྱུར་ལྡོག་ལ་ངོས་འཛིན་ཡང་དག་བྱེད་པ་དང་། དུས་དང་གནས་བབ་ལ་བསྟུན་ནས་བྱ་བའི་ཤུགས་འདོན་ས་དང་ཁ་གཏད་འཇལ་ཐབས་ལེགས་སྒྱུར་བྱས་ཏེ། རིམས་ནད་འགོག་སྡོམ་གྱི་མི་དམངས་དམག་འཐབ་ལས་རྣམ་པར་རྒྱལ་བར་ཁག་ཐེག་བྱེད་རྒྱུ་ཡིན་ཞེས་བསྟན་ཡོད།
ཞི་ཅིན་ཕིང་གིས་བསྟན་དོན། ཁྱེད་ཀྱི་མགོ་ཁྲིད་འོག་ཏུ། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་རིམས་ནད་འགོག་རྒོལ་གྱི་རྒྱལ་སྤྱིའི་མཉམ་ལས་བཟང་བོར་སྤེལ་བར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཡོངས་ཁྱབ་ཏུ་ཁས་ལེན་བཞིན་ཡོད། ཀྲུང་གོས་ཁྱེད་དང་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་རྒྱལ་སྤྱིའི་རིམས་འགོག་མཉམ་ལས་ཁྲོད་དུ་མགོ་ཁྲིད་ཀྱི་ནུས་པ་བཟང་བོ་འདོན་པར་མུ་མཐུད་དུ་རྒྱབ་སྐྱོར་ལྷོད་མེད་བྱེད་རྒྱུ་ཡིན། ཀྲུང་གོས་བྱ་སྤྱོད་དངོས་ལ་བརྟེན་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རིམས་འགོག་ཐད་འབད་བརྩོན་བྱེད་པར་རྒྱབ་སྐྱོར་བྱེད་བཞིན་ཡོད་ལ། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དང་བཅས་པའི་རྒྱལ་སྤྱིའི་རྩ་འཛུགས་དང་རྒྱལ་ཁབ་བརྒྱད་ཅུ་ལྷག་ལ་རོགས་སྐྱོར་བྱས་ཡོད། ཀྲུང་གོས་རང་ནུས་ཅི་ལྕོགས་ཀྱིས་མུ་མཐུད་དུ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རིམས་ནད་འགོག་རྒོལ་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། པྲོག་གསར་གློ་ཚད་ཀྱི་རིམས་ནད་ཀྱིས་མིའི་རིགས་ནི་སྐྱིད་སྡུག་མཉམ་མྱོང་གི་ལས་སྐལ་གཅིག་མཐུན་གྱི་ཚོགས་པ་ཞིག་ཡིན་པ་ཡང་བསྐྱར་ར་སྤྲོད་བྱས་ཡོད་པས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཕན་ཚུན་རོགས་རེས་དང་དཀའ་ངལ་མཉམ་སེལ་བྱེད་དགོས། ང་ཚོས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དང་རྒྱལ་ཁབ་སོ་སོ་དང་མཉམ་དུ། འཛམ་གླིང་ཡོངས་ཀྱི་སྤྱི་ཐུན་འཕྲོད་བསྟེན་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པར་བྱས་རྗེས་འཇོག་དགོས་ཟེར།