ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་གཉིས་ཀྱིས་ཚེས་ཉེར་དྲུག་ཉིན་ཁ་པར་བཏང་སྟེ། པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོག་བཅོས་ཚོད་འཛིན་བྱེད་པའི་གནད་དོན་ལ་གྲོས་བསྡུར་བྱས།
ཨུ་རུ་སིའི་ཙུང་ཐུང་དྲ་རྒྱས་སྤེལ་བའི་སྤྱི་སྒྲོག་ལྟར་ན། ཐེངས་འདིའི་ཁ་པར་གྲོས་མོལ་ནི་ཧྥ་རན་སི་ཕྱོགས་ཀྱིས་གྲོས་གཞི་བཏོན་པ་ལྟར་སྤེལ་བ་རེད། རྒྱལ་ཁབ་གཉིས་ཀྱི་ཙུང་ཐུང་གིས་ཕན་ཚུན་ལ་རྒྱལ་ཁབ་རང་རང་གིས་རིམས་ནད་འགོག་བཅོས་བྱེད་པའི་ཐད་སྤྱད་པའི་བྱེད་ཐབས་སྙན་ཞུ་བྱས་པ་དང་། ཨུ་རུ་སི་དང་ཧྥ་རན་སིའི་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ། ཧུར་ཐག་སྒོས་རིམས་ནད་ཀྱིས་སྤྱི་ཚོགས་དང་དཔལ་འབྱོར་ཐད་བཟོས་པའི་ཤུགས་རྐྱེན་མི་ལེགས་པ་ཆེས་དམའ་བའི་ཚད་དུ་ཇེ་དམའ་རུ་གཏོང་འདོད་ཡོད་ཟེར། ཕྱོགས་གཉིས་ཀྱིས་བསྟན་དོན། རྒྱལ་ཁབ་གཉིས་ཀྱི་ཕན་ཚུན་རྒྱལ་ཁོངས་སུ་བསྡད་ཡོད་པའི་སྤྱི་དམངས་ཕྱིར་ལོག་པ་དང་སྨན་རྫས་དང་སྨན་བཅོས་སྒྲིག་ཆས་སྐྱེལ་འདྲེན་བྱེད་པར་རོགས་རམ་བྱས་ཏེ་ཆ་རྐྱེན་བསྐྲུན་འདོད་ཡོད་ཟེར།
སྤྱི་སྒྲོག་ལས་བཤད་རྒྱུར། རྒྱལ་ཁབ་གཉིས་ཀྱི་ཙུང་ཐུང་གིས་རྒྱལ་ཁབ་གཉིས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་སྒྲོམ་གཞིའི་འོག་གི་རོགས་ལས་ལ་ཤུགས་སྣོན་བྱེད་འདོད་ཡོད་པའི་ཚུལ་བསྟན།
རྒྱལ་ཁབ་གཉིས་ཀྱི་ཙུང་ཐུང་གིས་ད་རུང་སི་རི་ཡཱའི་གནད་དོན་དང་ལི་པུ་ཡཱའི་གནད་དོན་ལ་གྲོས་བསྡུར་བྱས་པར་མ་ཟད། མུ་མཐུད་དུ་ཁྱབ་ཁོངས་མང་བོའི་མཉམ་ལས་ཐད་ནས་མུ་མཐུད་དུ་གྲོས་མོལ་བྱེད་རྒྱུ་ཐག་བཅད།
ལོ་ཙཱ་བ། བསོད་ནམས་ཚེ་རིང་།