ལིས་ཁི་ཆང་གིས་འགོ་འཛིན་མཛད་དེ་ཀྲུང་དབྱང་པྲོག་གསར་གློ་ཚད་རིམས་ནད་འགོག་བཅོས་བྱ་བའི་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་བསྡུས།
2020.03.31 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 59

ཟླ་གསུམ་པའི་ཚེས་སུམ་ཅུ་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི། ཀྲུང་དབྱང་པྲོག་གསར་གློ་ཚད་རིམས་ནད་འགོག་བཅོས་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ལིས་ཁི་ཆང་གིས་འགོ་འཛིན་མཛད་དེ་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་བསྡུས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་པྲོག་གསར་གློག་ཚད་རིམས་ནད་འགོག་བཅོས་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ཝང་ཧུའུ་ཉིང་གྲོས་ཚོགས་ལ་ཞུགས།

ཚོགས་ཐོག་ནས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འགོ་འཛིན་མཛད་དེ་བསྡུས་པའི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་གྲོས་ཚོགས་ཀྱི་དགོངས་དོན་ནན་ཏན་སྒོས་སློབ་སྦྱོང་བྱས་ནས། ཀྲུང་དབྱང་རིམས་ནད་འགོག་བཅོས་བྱ་བའི་འགོ་ཁྲིད་ཚན་ཆུང་གི་བཀོད་སྒྲིག་ལྟར། འཕྲལ་སྒྲུབ་བྱེད་ཐབས་དང་རྒྱུན་རྣམ་ཅན་གྱི་འགོག་སྡོམ་ཟུང་འབྲེལ་བྱེད་པ་དང་། དུས་ཐོག་ཏུ་འགོག་སྡོམ་ཇུས་གཞི་དང་འཕྲལ་སྒྲུབ་བྱེད་ཐབས་འཐུས་ཚང་དུ་གཏོང་དགོས་ལ། ནད་རྟགས་མེད་པའི་འགོས་ཁྱབ་མཁན་གྱི་འགོག་སྡོམ་བྱ་བ་བཟང་བོར་བསྒྲུབ་ནས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སྔ་མོ་ནས་རྒྱུན་ལྡན་བགྲོད་ལམ་དུ་ཞུགས་པར་སྐུལ་འདེད་གཏོང་དགོས་ཟེར།

ཚོགས་ཐོག་ནས་བསྟན་དོན། དེང་སྐབས་རིམས་ནད་འགོག་སྡོམ་གྲུབ་འབྲས་སྲ་བརྟན་དུ་བཏང་སྟེ་འགོག་སྡོམ་ཐད་ནས་བྱུང་བའི་གནད་དོན་ཐག་གཅོད་བྱེད་པ་དང་། ནད་རྟགས་མེད་པའི་འགོས་ཁྱབ་མཁན་ལ་ལྟ་ཞིབ་ཚད་ལེན་བྱེད་པ་དང་ལོགས་སུ་བཀར་བ་དང་སྨན་བཅོས་བྱེད་པ་གཙོར་བཟུང་ནས་དམ་འཛིན་བྱེད་དགོས། དམིགས་ཡུལ་ཡོད་པའི་སྒོ་ནས་ཞིབ་བཤེར་ཤུགས་ཚད་ཇེ་ཆེར་གཏོང་བ་དང་། ཞིབ་བཤེར་ཚད་ལེན་གྱི་གཞི་ཁྱོན་དེ་ནད་ཀྱི་བྱུང་དཔེ་རྩད་ཆོད་པ་དང་ནད་རྟགས་མེད་པའི་འགོས་ཁྱབ་མཁན་དང་ཐུག་རེག་བྱེད་མཁན་དང་ས་ཁུལ་གཙོ་བོ་དང་མི་ཚོགས་སོགས་སུ་རྒྱ་བསྐྱེད་དགོས། གལ་ཏེ་ནད་རྟགས་མེད་པའི་འགོས་ཁྱབ་མཁན་ངོས་ཟིན་རྗེས། མྱུར་དུ་སྔ་མོ་བཞིའི་རེ་བ་ལྟར་གཅིག་བསྡུས་ལོགས་བཀར་དང་གསོ་རིག་དོ་དམ་ནན་མོ་བྱེད་པ་དང་། མངོན་གསལ་སྒོས་ཆ་འཕྲིན་ཁྱབ་སྒྲོག་བྱེད་དགོས་པར་མ་ཟད་རིམས་ནད་ཀྱི་འབྱུང་རྩ་རྩོད་གཅོད་པ་དང་། ཐུག་རེག་མཁན་ལ་ཡང་མྱུར་དུ་ལོགས་བཀར་དང་གསོ་རིག་ལྟ་ཞིབ་བྱེད་དགོས། རིམས་ནད་བྱུང་བའི་ས་ཁུལ་གཙོ་བོ་ནས་བསྡུར་ཚད་དཔེ་མཚོན་བླངས་ཏེ་ནད་རྟགས་མེད་པའི་འགོས་ཁྱབ་མཁན་ལ་ཞིབ་བཤེར་དང་འགོས་ཁྱབ་ནད་རྟགས་ལ་དབྱེ་ཞིབ་བྱེད་པ་དང་། འགོག་སྡོམ་བྱེད་ཐབས་འཐུས་ཚང་དུ་གཏོང་བར་ཞིབ་འཇུག་བྱེད་དགོས་ཟེར།