ཧྲིན་ཀྲང་ལིའུ་ཉིང་གི་བྱ་བའི་བླང་བྱ་གཞིར་བཟུང་ནས། ཟླ་3པའི་ཚེས་31ཉིན། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཡན་ཅིན་ཧའེ་སྟོང་སྐོར་རྫོང་དུ་སོང་ནས་སྲོག་ཆགས་ཀྱི་རིམས་ནད་ཚབས་ཆེན་སྔོན་འགོག་ཚོད་འཛིན་བྱ་བར་ལྟ་སྐུལ་མཛུབ་ཁྲིད་དང་རྟོག་ཞིབ་བྱས་ཤིང་། ལྷོད་གཡེང་སྤུ་ཙམ་མེད་པའི་སྒོ་ནས་སྲོག་ཆགས་ཀྱི་རིམས་ནད་ཚབས་ཆེན་དང་མི་ཕྱུགས་གཉིས་ཀར་ཕོག་པའི་ནད་གཞི་སྔོན་འགོག་ཚོད་འཛིན་ལ་དམ་འཛིན་ཡག་པོ་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་རྙོག་དྲ་མི་བཟོ་བ་བྱེད་དགོས་པ་ནན་བཤད་བྱས།
ཡན་ཅིན་ཧའེ་ཡིས་ནན་གྱིས་བསྟན་དོན། དཔྱིད་དུས་ནི་སྲོག་ཆགས་ཀྱི་རིམས་ནད་འབྱུང་བ་མང་བའི་དུས་ཡིན་པས་རིམ་པ་སོ་སོའི་སྲིད་གཞུང་དང་ཞིང་ལས་གྲོང་གསེབ་སྡེ་ཁག་གིས་དུས་དང་རྣམ་པ་ཀུན་ཏུ་ཕྱུགས་རིགས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་རྒྱུད་ཇེ་དམ་དུ་གཏོང་བ་དང་། རིམ་པ་བཞིན་སྔོན་འགོག་ཚོད་འཛིན་གྱི་འགན་འཁྲི་ཇེ་ནན་དུ་གཏོང་བ། སྡེ་བ་དང་ཁྱིམ་ཚང་རེ་རེ་བཞིན་གྲལ་བཤེར་བྱེད་པ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལོང་ཁུལ་མེད་པ་བཟོ་བ་བཅས་བྱེད་དགོས། སྲོག་ཆགས་ཀྱི་རིམས་འགོག་མ་ལག་འཐུས་ཚང་དུ་གཏོང་བ་དང་། རིམས་ནད་ཞིབ་བཤེར་ལྟ་སྐུལ་དང་། སྐྱེལ་འདྲེན་ཐོ་འགོད་སྙན་སེང་། ནད་ཕོག་ནས་ཤི་བའི་སྒོ་ཕྱུགས་དང་ཁྱིམ་བྱ་གནོད་མེད་ཅན་དུ་ཐག་གཅོད་བྱེད་པ་སོགས་ཀྱི་ལྟ་སྐུལ་དོ་དམ་བྱེད་ཐབས་སྣ་ཚོགས་ལ་ཤུགས་སྣོན་བརྒྱབ་སྟེ། ཞིབ་ཚགས་ཅན་གྱི་དོ་དམ་ལ་སྐུལ་འདེད་གཏོང་དགོས། བག་མེད་ལྷོད་གཡེང་གི་བསམ་བློ་གཏན་འགོག་བྱེད་པ་དང་། རིམས་ནད་ཀྱི་གནས་ཚུལ་སྙན་སེང་ཞུ་བའི་ལམ་ལུགས་དོན་འཁྱོལ་ནན་མོ་བྱེད་པ། ཉེན་ཟོན་སྔོན་ཇུས་དང་འཕྲལ་སྡོམ་གྲ་སྒྲིག་ཡག་པོ་བྱེད་པ་བཅས་ཀྱི་ཐོག་ནས་ཕྱུགས་ལས་ཐོན་སྐྱེད་བདེ་འཇགས་དང་། ཕྱུགས་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས། མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་བཅས་ལ་འགན་སྲུང་ཏན་ཏིག་བྱེད་དགོས་ཟེར།
ཡིག་སྒྱུར་བ། ཤ་བོ་གསེར་མཚོ།