འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཐེན་ཏི་སའེ་ཡིས་ཟླ4ཚེས1ཉིན་གློ་ཚད་གསར་པ་མཆེད་ནས་འདས་ཟིན་པའི་གཟའ་འཁོར་ཁ་ཤས་ནང་གོ་ལ་ཧྲིལ་པོར་གསར་དུ་འཕར་བའི་ནད་རྟགས་གཏན་འཁེལ་བྱས་པའི་ནད་པའི་ཁ་གྲངས་རིམ་པར་ཇེ་མང་དུ་འཕར་བ་དང་། མ་འོངས་པའི་ཉིན་ཁ་ཤས་ནང་གོ་ལ་ཧྲིལ་པོར་ནད་གཞི་གཏན་འཁེལ་བྱས་པའི་ནད་པ་ས་ཡ་གཅིག་ལ་སླེབས་རྒྱུ་ཡིན་པ་དང་། རིམས་ནད་ལས་འདས་པའི་ནད་པ་ཁྲི་ལྔ་ལས་བརྒལ་རྒྱུ་རེད་ཟེར།
ཐེན་ཏི་སའེ་ཡིས་ཉིན་དེའི་འཆར་ཅན་གྱི་ཡོངས་བསྒྲགས་ཚོགས་འདུའི་ཐོག་རིམས་ནད་མགྱོགས་མྱུར་འཕར་བ་དང་གོ་ལ་ཧྲིལ་པོར་བརྒྱུད་སྤེལ་བྱ་རྒྱུར་དོ་ཁུར་ཆེན་པོ་བྱས། ཁོས་འདས་ཟིན་པའི་གཟའ་འཁོར་གཅིག་རིང་གོ་ལ་ཧྲིལ་པོར་རིམས་ནད་ལས་ཤི་བའི་ནད་པ་ལྡབ་གཅིག་ལྷག་ཙམ་མང་དུ་ཕྱིན་པ་དང་རིམས་ནད་ཀྱི་གནས་ཚུལ་རྒྱལ་ཁབ་དང་ས་ཁུལ་མང་ཆེ་བར་ཁྱབ་ཡོད་ཅིང་། མ་འོངས་པའི་ཉིན་ཁ་ཤས་ནང་གོ་ལ་ཧྲིལ་པོར་ནད་གཞི་གཏན་འཁེལ་བྱས་པའི་ནད་པ་དང་ཤི་བའི་ནད་པ་ཁག་སོ་སོར་ས་ཡ་གཅིག་དང་ཁྲི་ལྔ་ལྷག་ཙམ་ཟིན་རྒྱུ་རེད་ཅེས་བཤད།
ཨ་ཧྥེ་རི་ཁ་གླིང་དང་མེ་གླིང་ལྷོ་དབུས་ས་ཁུལ་གྱི་ནད་པ་ལྟོས་བཅས་ཀྱིས་ཇེ་ཉུང་དུ་སོང་ཡོད་མོད། འོན་ཀྱང་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་རིམས་ནད་ཀྱིས་ས་ཁུལ་དེ་དག་ལ་སྤྱི་ཚོགས་དང་དཔལ་འབྱོར། ཆབ་སྲིད་བཅས་ཀྱི་ཤུགས་རྐྱེན་ཚབས་ཆེན་བཟོ་སྲིད་པའི་ངོས་འཛིན་བྱེད་ཀྱིན་ཡོད། ཐེན་ཏི་སའེ་ཡིས་རྒྱལ་ཁབ་དེ་དག་ལ་རོགས་རམ་བྱས་ནས་ནུས་པ་ཆེ་རུ་གཏོང་བ་དང་། ཞིབ་དཔྱད་ཚད་ལེན་བྱེད་པ། ལོགས་སུ་འཇོག་པ། སྨན་བཅོས་བྱེད་པ་བཅས་ཀྱི་ནད་གཞི་ཤེས་རྟོགས་བྱེད་པ་དང་འབྲེལ་ནད་པ་དང་འབྲེལ་འདྲིས་བྱེད་མཁན་གཏན་འཁེལ་བྱེད་དགོས་པའི་འབོད་སྐུལ་བཏང་།
ཐེན་ཏི་སའི་ཡིས་རྒྱལ་ཁབ་ཁག་གི་སྲིད་གཞུང་ལ་སྤྱི་ཚོགས་ཕན་བདེའི་བྱ་ཐབས་ལག་ལེན་དུ་བསྟར་ནས་ཉམས་ཞན་ཚོགས་སྤྱིར་ཉམས་ཉེན་དེའི་ཁྲོད་འབྲུ་རིགས་དང་འཚོ་བའི་མཁོ་ཆས་གཞན་དག་ཐོབ་རྒྱུར་འགན་ལེན་བྱེད་དགོས་པའི་འབོད་སྐུལ་བྱས་པ་རེད། དེར་བརྟེན་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དང་འཛམ་གླིང་དངུལ་ཁང་། རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་བཅས་ཀྱིས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་བུ་ལོན་ཆག་ཡང་དང་རྩ་ཆག་གཏོང་རྒྱུའི་འབོད་སྐུལ་བྱས་པ་རེད། རྒྱལ་ཁབ་དེ་དག་ལ་མཚོན་ན། དེའི་མི་དམངས་ལ་ལྟ་རྟོག་དང་དཔལ་འབྱོར་རྩ་ཐོར་མི་ཡོང་བ་བྱེད་ཆེད། དེའི་བུ་ལོན་ཆག་ཡང་དང་རྩ་ཆག་གཏོང་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ་བ་ཞིག་རེད།
བན་དེ་སྐྱབས་ཀྱིས་བསྒྱུར།