ཀྲུང་གོ་མ་གཏོགས་པའི་འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་གཞན་པའི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པའི་ཁ་གྲངས་ས་ཡ་གཅིག་དང་ཁྲི་ལྔ་བརྒྱད་བརྒྱ་ཉེར་བརྒྱད་དུ་བསླེབ། 
2020.04.06 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 24

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚེས་ལྔ་ཉིན་ཁྱབ་སྒྲོག་བྱས་པའི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་ཀྱི་གཞི་གྲངས་གསར་བ་ལྟར་ན། ཀྲུང་གོ་མ་གཏོགས་པའི་འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་གཞན་པའི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པའི་ཁ་གྲངས་ས་ཡ་གཅིག་དང་ཁྲི་ལྔ་བརྒྱད་བརྒྱ་ཉེར་བརྒྱད་དུ་བསླེབ་ཡོད། 

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ཉིན་རེའི་རིམས་ནད་གནས་ཚུལ་གྱི་སྙན་ཞུ་ལས་མངོན་པ་ལྟར་ན། ཡོ་རོབ་གླིང་དབུས་ཕྱོགས་ཀྱི་དུས་ཚོད་ཚེས་ལྔ་ཉིན་གྱི་སྔ་དྲོའི་དུས་ཚོད་བཅུའི་བར། ཀྲུང་གོ་མ་གཏོགས་པའི་རྒྱལ་ཁབ་གཞན་དག་གི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པའི་ཁ་གྲངས་སྔ་ཉིན་ལས་ཁྲི་བརྒྱད་དང་སྟོང་གཉིས་དྲུག་ཇེ་མང་དུ་སོང་ནས། བསྡོམས་པས་ས་ཡ་གཅིག་དང་ཁྲི་ལྔ་བརྒྱད་བརྒྱ་ཉེར་བརྒྱད་དུ་བསླེབ་ཡོད་ལ། ཀྲུང་གོ་མ་གཏོགས་པའི་རྒྱལ་ཁབ་གཞན་པའི་རྐྱེན་ལམ་དུ་ཤོར་བའི་ནད་པ་སྔ་ཉིན་ལས་སྟོང་ལྔ་དང་བདུན་བརྒྱ་གོ་ལྔ་ཇེ་མང་དུ་སོང་ནས། བསྡོམས་པས་ནད་པ་ཁྲི་ལྔ་དང་སྟོང་དགུ་བཞི་བརྒྱ་ཞེ་དྲུག་ཏུ་བསླེབ་ཡོད། 

འཛམ་གླིང་ཡོངས་ཀྱི་ཁྱབ་ཁོངས་སུ་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པའི་ཁ་གྲངས་སྔ་ཉིན་ལས་སྟོང་བརྒྱ་དང་སྟོང་གཉིས་རེ་གཅིག་འཕར་ནས་བསྡོམས་པས་ནད་པ་ས་ཡ་གཅིག་དང་འབུམ་གཅིག་ཁྲི་གསུམ་སྟོང་གསུམ་བདུན་བརྒྱ་ང་བརྒྱད་དུ་བསླེབ་ཡོད། རྐྱེན་ལམ་དུ་ཤོར་བའི་ནད་པ་སྔ་ཉིན་ལས་སྟོང་ལྔ་དང་བདུན་བརྒྱ་གོ་བརྒྱད་རྐྱེན་ལམ་དུ་ཤོར་ནས། བསྡོམས་པས་ཁྲི་དྲུག་དང་སྟོང་གཉིས་བདུན་བརྒྱ་གྱ་བཞིར་བསླེབ་ཡོད་ཟེར། 




ལོ་ཙཱ་བ། བསོད་ནམས་ཚེ་རིང་།