དབྱི་ཐཱ་ལེའི་རིམས་ནད་མཆེད་ཚད་ཇེ་དལ་དུ་སོང་བ་དང་སྲིད་གཞུང་གིས་མུ་མཐུད་དུ་དོགས་ཟོན་བྱེད་དགོས་པའི་འབོད་སྐུལ་བཏང་། 
2020.04.06 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 66

དབྱི་ཐཱ་ལེའི་དམངས་དོན་སྲུང་སྐྱོབ་སྡེ་ཁག་གི་འགན་ཁུར་བ། པྲོག་དབྱིབས་ནད་དུག་གསར་བའི་འཕྲལ་སྒྲུབ་ཨུ་ཡོན་ལྷན་ཁང་གི་ཆེད་དོན་པ་པའོ་ལོས་ལེ་ཡིས་ཚེས་ལྔ་ཉིན་རྒྱུན་ལྡན་གྱི་སྒྲོག་སྤེལ་ཚོགས་འདུའི་སྟེང་བསྟན་དོན། དབྱི་ཐཱ་ལེ་ཡིས་ཟླ་ངོ་གཅིག་ཙམ་རིང་རྒྱལ་ཡོངས་སུ་བཀག་འགོག་བྱེད་ཐབས་སྤྱད་པར་གྲུབ་འབྲས་ཐོབ་བཞིན་ཡོད་ཀྱང་། དོགས་ཟོན་དེ་གཏན་ནས་ལྷོད་ཡངས་སུ་གཏོང་མི་རུང་ཟེར། 

དབྱི་ཐཱ་ལེའི་དམངས་དོན་སྲུང་སྐྱོབ་སྡེ་ཁག་གིས་སྤེལ་བའི་གཞི་གྲངས་ལྟར་ན། ཉིན་དེའི་ཕྱི་དྲོའི་དུས་ཚོད་དྲུག་བར། དབྱི་ཐཱ་ལེ་རུ་རིམ་རྩིས་ཀྱིས་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པའི་ཁ་གྲངས་འབུམ་གཅིག་དང་ཁྲི་གཉིས་སྟོང་བརྒྱད་དགུ་བརྒྱ་ཞེ་བརྒྱད་ཡིན་པ་དང་། རྐྱེན་ལམ་དུ་ཤོར་བའི་ནད་པ་ཁྲི་གཅིག་དང་སྟོང་ལྔ་བརྒྱད་བརྒྱ་གྱ་བདུན་རེད། དྲག་སྐྱེད་བྱུང་བའི་ནད་པ་ཁྲི་གཉིས་དང་སྟོང་གཅིག་བརྒྱད་བརྒྱ་བཅོ་ལྔ་ཡིན། ཉིན་དེར་རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་ལྔ་བརྒྱ་དང་ཉེར་ལྔ་ཡིན་པ་དང་། ཟླ་གསུམ་པའི་ཚེས་ཉི་ཤུ་ཉིན་གྱི་ཚུན་ལ་ཆེས་དམའ་བའི་ཚད་རེད། 

གཞི་གྲངས་ལས་མངོན་པ་ལྟར་ན། དབྱི་ཐཱ་ལེ་རུ་ཉིན་གཅིག་རིང་ནད་པ་སྟོང་བཞི་དང་སུམ་བརྒྱ་བཅུ་དྲུག་ཇེ་མང་དུ་སོང་བ་དང་། ནད་པ་བརྒྱད་བརྒྱ་དང་བཅུ་དགུ་དྲག་སྐྱེད་བྱུང་ཡོད། ད་ཡོད་ཀྱི་ནད་པའི་ཁྲོད་དུ་ནད་པ་ཁྲི་གཉིས་དང་སྟོང་བརྒྱད་དགུ་བརྒྱ་ཞེ་དགུ་ཡིས་སྨན་ཁང་དུ་གསོ་བཅོས་བྱེད་བཞིན་ཡོད་པ་དང་། མི་སྟོང་གསུམ་དང་བདུན་བརྒྱ་དོན་བདུན་གྱིས་ནད་པ་ལྗིད་མོའི་ལྟ་སྐྱོང་ཁང་དུ་གསོ་བཅོས་བྱེད་བཞིན་ཡོད། ཁ་གྲངས་དེ་ཚང་མ་སྔ་ཉིན་ལས་ཅུང་དམའ་བར་མངོན། 

པའོ་ལོས་ལེ་ཡིས་བསྟན་དོན། དབྱི་ཐཱ་ལེ་ཡིས་ཟླ་ངོ་གཅིག་རིང་རྒྱལ་ཡོངས་སུ་བཀག་འགོག་བྱེད་ཐབས་ལག་བསྟར་བྱས་པར་གྲུབ་འབྲས་ཐོན་བཞིན་ཡོད་ཀྱང་། ང་ཚོས་དོགས་ཟོན་ལྷོད་ཡངས་སུ་གཏན་ནས་གཏོང་མི་རུང་། མུ་མཐུད་དུ་རང་ཁྱིམ་ནས་སྡོད་པར་སྔར་བཞིན་གལ་འགངས་ཧ་ཅང་ཆེ་ཟེར། 

པའོ་ལོས་ལེ་ཡིས་ཉིན་དེའི་སྔ་དྲོར་གསར་འགྱུར་ལས་རིགས་ལ་བསྟན་དོན། དབྱི་ཐཱ་ལེའི་ཁ་ཐུམ་གྱི་ཐོན་ཚད་ཇེ་མང་དུ་འགྲོ་བཞིན་ཡོད་ཅིང་། མ་འོངས་པའི་ཉིན་འགའི་ནང་སྡོད་དམངས་ཚང་མར་ཁ་ཐུམ་ཐོབ་ཐུབ་པ་དང་། སྔར་ལས་ལྷག་པའི་སྒོ་ནས་དབྱི་ཐཱ་ལེའི་རིམས་འགོག་ནུས་པ་ཇེ་དྲག་ཏུ་གཏོང་ཐུབ། རྒྱལ་ཁབ་དེའི་བྱང་ཕྱོགས་ཀྱི་ཝ་ལའེ་ཏཱ་ཨོ་སི་ཐཱ་ས་ཁུལ་སྲིད་གཞུང་གིས་བསྟན་དོན། ཚེས་ལྔ་ཉིན་ནས་བཟུང་། སྡོད་དམངས་ཚང་མ་ཕྱི་རོལ་དུ་འགྲོ་ན་ངེས་པར་དུ་ལག་ཤུབས་གོན་ནས་ཁ་ཐུམ་བརྒྱག་དགོས་པའི་གཏན་འཁེལ་བྱས་ཡོད། 




ལོ་ཙཱ་བ། བསོད་ནམས་ཚེ་རིང་།